སྲིད་སྐྱོང་སྤེན་པ་ཚེ་རིང་ལཊ་ ༢༠༢༦ ལོའི་སྲིད་སྐྱོང་དུ་བདམས་ཐོན་བྱུང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུ་ལས་ཁུངས་ནས་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་སྔ་སྣུར་གྱི་གསལ་བསྒྲགས་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧ ནང་གསེས་ ༤ ལྟར། སྲིད་སྐྱོང་འོས་མི་སུ་ཞིག་ལ་སྔོན་འགྲོའི་འོས་བསྡུའི་སྐབས་འོས་ཤོག་ཁྱོན་འབོར་བརྒྱ་ཆ་ ༦༠ ཡན་ཐོབ་ཚེ་དངོས་གཞིའི་འོས་བསྡུའི་ལས་རིམ་ནང་ཞུགས་མི་དགོས་པར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ་ཞེས་གསལ་བ་བཞིན། ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་གྲུབ་འབྲས་སྔ་སྣུར་གྱིས་གསལ་བསྒྲགས་གནང་སྟེ། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་སྔོན་འགྲོའི་འོས་བསྡུའི་སྐབས་འོས་ཤོག་ཁྱོན་བརྒྱ་ཆ་ ༦༡ ལྷག་ཙམ་ཐོབ་ཡོད་པར་སོང་དངོས་གཞིའི་འོས་བསྡུའི་ལས་རིམ་ནང་ཞུགས་མི་དགོས་པར་ཕྱི་ལོ་ ༢༠༢༦ སྲིད་སྐྱོང་ལ་བདམས་ཐོན་བྱུང་བའི་གསལ་བསྒྲགས་གནང་ཡོད་པ་རེད།

སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་ཆ་ཤས་ལེན་མཁན་འོས་འཕེན་པ་གྲངས་ ༥༡༡༤༠ བྱུང་ཡོད་པའི་ནང་ནས་སྲིད་སྐྱོང་གི་འོས་མི་གྲངས་ ༡༠༣ ལ་འོས་འཕེན་འདུག་ལ། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ ༣༡༣༢༥ དང་། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་འོས་གྲངས་ ༡༧༨༤༣ དེ་བཞིན་ཚེ་རིང་ཕུན་ཚོགས་ལགས་སུ་འོས་གྲངས་ ༡༥༩ ཐོབ་ཡོད་པ་བསྒྲགས་ཡོད།

.
འོས་བསྡུའི་གྲུབ་འབྲས། ༢༠༢༦ ལོའི་སྲིད་སྐྱོང་གི་འོས་བསྡུའི་གྲུབ་འབྲས། (RFA Tibetan)

དེ་བཞིན་དབུས་འོས་བསྡུ་ལས་ཁུངས་ནས་ཐེངས་འདིར་སྐབས་ ༡༨ བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཀྱང་གསལ་བསྒྲགས་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡ ཉིན་བཙན་བྱོལ་བོད་མི་རང་ལོ་ ༡༨ ཧྲིལ་པོ་ལོན་པ་ཡན་གྱིས་ ༢༠༢༦ ལོའི་སྲིད་སྐྱོང་དང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་བཅས་ཀྱི་སྔོན་འགྲོའི་འོས་ཤོག་འཕངས་ཡོད་ཅིང་། འདི་ལོའི་སྔོན་འགྲོའི་འོས་བསྡུའི་སྐབས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་འོས་འཕེན་པ་དེབ་སྐྱེལ་གནང་མཁན་བོད་མི་ ༩༡༠༠༠ དགུ་ཁྲི་ཆིག་སྟོང་བྱུང་འདུག་ལ། འདི་ནི་ ༢༠༢༡ དང་བསྡུར་ན། ༨༠༠༠ བརྒྱད་སྟོང་ལྷག་མང་བ་ཆགས་འདུག་ལ། ད་རེས་འོས་བསྡུའི་ནང་སྲིད་སྐྱོང་གི་འོས་གཞིར་བཞེངས་མཁན་མི་གྲངས་ ༣ དང་སྤྱི་འཐུས་ཀྱི་འོས་གཞིར་བཞེངས་མཁན་མི་གྲངས་ ༡༠༠ ལྷག་ཙམ་བྱུང་ཡོད་པ་རེད།།