“འབྲས་ལྗོངས་ཡུལ་མི་ཚོས་སྔ་མོ་ནས་བོད་ཀྱི་ལོ་གསར་ལའང་རོལ་སྲོལ་ཡོད་པ་རེད།”

ལོ་གསར་ཚེས་གཅིག་ཉིན་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ས་གནས་སུ་མཚོན་ན། སྒང་ཏོག་ནང་གྱི་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་དང་རིས་མེད་ཆོས་བརྒྱུད་ཁག་གི་དགོན་སྡེའི་སྐུ་ཚབ་དང་ལས་བྱེད་རྣམས་པ་ཚང་འཛོམས་ཐོག་ལོ་གསར་པའི་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་རེད།

ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༧ ཉིན་ནས་བཟུང་འཛམ་གླིང་ས་ཕྱོགས་གང་སར་བོད་མི་ཚོས་བོད་མེ་རྟའི་ལོ་གསར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། རྒྱ་གར་བྱང་ཤར་འབྲས་ལྗོངས་ཁུལ་དུའང་བོད་མི་ཚོས་བོད་ཀྱི་ལོ་གསར་སྐབས་རང་རང་སོ་སོའི་ཁྱིམ་ཚང་ནང་རྟེན་འབྲེལ་གྱི་བྱེད་སྒོ་ཁག་གནང་པ་དང་། དགོན་པར་མཆོད་མཇལ་ཞུས་ཡོད་པ་རེད། ལོ་གསར་ཚེས་གཅིག་ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ས་གནས་སུ་མཚོན་ན། བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་དང་རིས་མེད་ཆོས་བརྒྱུད་ཁག་གི་དགོན་སྡེ་ཁག་གི་སྐུ་ཚབ་དང་ལས་བྱེད་རྣམ་པ་ཚང་འཛོམས་ཐོག་ལོ་གསར་པའི་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་རེད། སྒང་ཏོག་ས་གནས་འགོ་འཛིན་སྦྱིན་པ་ཕུན་ཚོགས་ལགས་ཀྱིས་གསུངས་དོན་དུ། “བོད་རང་བཙན་ཤོར་བའི་རྗེས་སུ་བོད་མི་རྣམས་དང་པོ་འདི་ཁུལ་འབྱོར་སྐབས་ས་གནས་འགོ་འཛིན་ལས་ཁུངས་འདིར་གཞུང་འབྲེལ་མི་སྣ་མཉམ་འཛོམས་ཀྱིས་ལོ་གསར་ཚེས་གཅིག་ཉིན་གཞུང་འབྲེལ་གྱི་སྲུང་བརྩི་ཞུ་སྲོལ་འདི་དབུ་འཛུགས་བྱུང་འདུག་”ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

འབྲས་ལྗོངས་སུ་ལོ་གསར་གཏོང་སྲོལ།

བོད་ཀྱི་ཆོས་དང་རིག་གཞུང་ལ་གཅིག་འགྱུར་རོལ་མཁན་གྱི་མི་རིགས་ཁོངས་ནས་འབྲས་ལྗོངས་པ་ཚོས་བོད་ཟླ་ ༡༡ ཚེས་ ༡ ཉིན་ལོ་སྲུང་ཞེས་ལོ་གསར་གྱི་བྱེད་སྒོ་ཁག་ཀྱང་བོད་ཀྱི་ལོ་གསར་གཏོང་སྲོལ་དང་གཅིག་མཚུངས་སྲུང་བརྩི་གནང་གི་ཡོད་པ་རེད། འབྲས་ལྗོངས་ཀྱི་ཡུལ་མི་ལ་ཆུང་པ་ལྷག་པ་དོན་གྲུབ་ལགས་ཀྱིས། “སྔར་འབྲས་ལྗོངས་ཡུལ་འདི་རང་དབང་རང་བཙན་གྱི་གནས་བབ་ལྡན་པའི་སྐབས་སུ་འབྲས་ལྗོངས་ལ་རྒྱལ་པོ་ཡོད་ཙང་། དེའི་སྐུ་དུས་སུ་འབྲས་ལྗོངས་ཁུལ་དུ་སོ་ནམ་ལོ་གསར་ཞེས་གཏོང་སྲོལ་ཡོད་པ་གསུངས་བྱུང་ལ། འབྲས་ལྗོངས་ཆོས་རྒྱལ་གྱིས་བོད་ཀྱི་ལོ་གསར་ཡང་ཉིན་གཅིག་རིང་སྲུང་བརྩི་གནང་སྲོལ་ཡོད་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

འབྲས་ལྗོངས་ནང་བར་སྐབས་ཤིག་ནས་ཡུལ་དུས་གནས་བབ་ཀྱི་ཆ་ནས་ལོ་གསར་སོགས་གནའ་སྲོལ་སྲུང་བརྩི་བྱེད་ཕྱོགས་ལ་ཉམས་རྒུད་ཕྲན་བུ་བྱུང་ཡོད་ན་ཡང་། ཁུལ་དེར་གནས་བཞུགས་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་གསུངས་ན། ད་ཆ་མི་རབས་གཞོན་པ་ཚོས་སྔར་དང་མི་འདྲ་བར་རྟེན་འབྲེལ་གྱི་བྱེ་སྒོར་ཚ་ཚ་འུར་འུར་གྱིས་དོ་སྣང་གནང་བཞིན་འདུག་ཅེས་དང་། སོ་སོའི་རིག་གཞུང་འདི་དག་སོ་སོས་བདག་གཅེས་བྱེད་དགོས་པ་ལས་གཞན་གྱི་བདག་གཅེས་བྱེད་རྒྱུ་ཞིག་མིན་སྟབས། མུ་མཐུད་བདག་གཅེས་བྱ་རྒྱུ་ཤིན་ཏུ་གལ་ཆེ་རེད། འདིར་བོད་ཀྱི་ཆབ་སྲིད་དང་འབྲེལ་བ་ཞིག་ཆགས་བསྡད་ཡོད་པས་ན། ཚང་མས་དོ་སྣང་ཆེན་པོ་གནང་རོགས་ཞེས་འབོད་སྐུལ་ཡང་གནང་གི་འདུག

.
བོད་ཀྱི་སྲོལ་རྒྱུན་གྱི་འཆམ་སྐྱོན་བཞིན་པ། ལོ་གསར་སྔ་རོལ་དུ་འཆམ་སྐྱོན་པའི་རྣམ་པ། (RFA Tibetan)

དེང་སང་འབྲས་ལྗོངས་ནང་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་མཁན་བོད་མི་ཙམ་མིན་པར་ས་གནས་ཀྱི་ཡུལ་མི་མང་དག་ཅིག་གིས་མཉམ་རོལ་སྲུང་བརྩི་ཞུ་གི་ཡོད་པ་དང་། བོད་མི་ཚོས་ལོ་གསར་སྐབས་ས་གནས་ཡུལ་མི་ཁྱིམ་མཚེས་དང་ངོ་ཤེས་གྲོགས་པོ་ཚོར་ལག་རྟགས་སྤྲོད་པ་དང་ཡུལ་མིའི་ལོ་གསར་སྐབས་ཁོང་ཚོས་ཚུར་བོད་མིར་ལག་རྟགས་སྤྲོད་པ་སོགས་མཛའ་མཐུན་གྱི་འབྲེལ་བ་ཞིག་ཚུགས་ཡོད་པ་རེད།

སྲོག་གཅོད་སྤོང་བའི་དགེ་སྦྱོར་གྱི་དུས་ཚིཊ་གཏན་འབེབས།

རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེ་ནི་གུ་རུ་རིན་པོ་ཆེས་བྱིན་གྱི་རླབས་པའི་གནས་ཁྱད་པར་ཅན་ཞིག་ཡིན་པ་མ་ཟད། མངའ་སྡེ་འདིའི་ནང་དུ་ནང་པའི་མི་འབོར་གཙོ་གྱུར་གྱི་མངའ་སྡེ་ཞིག་ཆགས་ཡོད་སྟབས་ལོ་ལྟར་བོད་ཟླ་ ༡ ཆོ་འཕྲུལ་དུས་ཆེན་སྐབས་གནམ་གང་ནས་ལོ་གསར་བོད་ཟླ་ ༡ ཚེས་ ༡༥ བར་མངའ་སྡེའི་གཞུང་གྱིས་བཀོད་ཁྱབ་ལམ་སྟོན་འོག མངའ་སྡེའི་ནང་སེམས་ཅན་གྱི་ཚེ་སྲོག་སྐྱོབས་པའི་ཕྱིར་ཤ་ཁང་ཚང་མ་སྒོ་བརྒྱབ་སྟེ་སྲོག་གཅོད་མི་བྱེད་པའི་རྣམ་དཀར་དགེ་བའི་ལས་ལ་སྐུལ་བའི་དུས་ཚིགས་དམིགས་བསལ་བ་ཞིག་ཀྱང་ཆགས་ཡོད་པ་རེད།།