རང་ལུས་མེར་བསྲེགས་ལ་རྒྱལ་སྤྱིའི་དོ་སྣང་འདང་ངེས་ཤིག་བྱས་ཡོད་དམ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དང་བོད་མི་གནས་ཡུལ་གང་སར་བོད་དོན་ངོ་རྒོལ་བྱེད་མཁན་ཚོར་རྒྱལ་སྤྱིའི་ངོས་ནས་ཡ་ལན་གང་འདྲ་ཡོང་གི་ཡོད་མེད་ལྟ་ཞིབ་བྱེད་པའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད།

ནིའུ་ཡོཀ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱུན་མཐུད་ཟས་བཅད་ལས་འགུལ་སྤེལ་བཞིན་པའི་ཁྲོད་ལོ་ཚད་མི་འདྲ་བའི་བོད་མི་ཚོས་མཉམ་ཞུགས་གནང་བཞིན་ཡོད་པ་དང་། ལས་འགུལ་ནང་མི་བདུན་རེ་བྱས་ཏེ་དུས་མཉམ་དུ་ཆུ་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་གནང་བཞིན་འདུག

བློ་དགའ་རང་བཙན་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་ཏེ་ཟླ་བ་གཉིས་མ་ཟིན་ཙམ་སོང་བའི་དུས་འདིར་ད་ལྟ་བོད་མིས་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་ཀྱང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཡ་ལེན་དོན་འབྲས་ལྡན་པ་ཞིག་བྱེད་ཀྱི་ཡོད་མེད་ནི་དྲི་བ་ཞིག་ཆགས་ཡོད།

ཨོསི་ཊརེ་ལི་ཡའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱལ་སྤྱིའི་ཐབས་ཇུས་ལས་འགུལ་བ་ཨན་ཌྲུ་ཝིཐི་ཕོརཌི་ལགས་ཀྱིས་བློ་དགའ་རང་བཙན་ལགས་ཀྱི་སྐོར་གནས་ཚུལ་དེ་དང་པོ་མཐོང་དུས་ཧང་སང་པ་དང་སེམས་སྡུག་བློ་འགྱོད་ཆེན་པོ་བྱུང་བ། ངས་བལྟས་ན་དེ་ནི་འགྲོ་བ་མི་སུ་ཞིག་ཡིན་རུང་འཇིགས་སུ་རུང་བ་ཞིག་རེད། ད་རེས་ཀྱི་དོན་རྐྱེན་དེས་བོད་མིའི་སྤྱི་ཚོགས་ཀྱི་མི་འགའ་ཤས་འ་ཆད་འུ་ཐུགས་པ་དང་རེ་ཐག་ཆད་པའི་ཚད་ཐོ་ཤོས་ལ་སླེབས་པའི་མཚོན་རྟགས་ཤིག་རེད་བསམ་གྱི་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གསུངས་བྱུང་།

ད་དུང་ཁོང་གིས་མུ་མཐུད་གསུངས་དོན་དུ། བཙན་ཤེད་ཀྱི་ཐོག་ནས་གྲངས་ཉུང་མི་རིགས་རྒྱ་མི་རིགས་ཀྱི་ཁོངས་སུ་མཉམ་བསྲེས་བྱེད་པ་དེ་སྲིད་གཞུང་གི་སྲིད་ཇུས་ཤིག་ཡིན་ཞིང་། སྲིད་ཇུས་དོན་འཁྱོལ་ཆེད་ཁྲིམས་ལུགས་ཀྱིས་རྒྱབ་སྣོན་བྱེད་ཀྱི་ཡོད་པ་གསལ་པོ་བསྟན་ཡོད་པ་དང་། བོད་ལ་རྒྱལ་སྤྱིའི་དོ་སྣང་རྒྱུན་འཁྱོངས་བྱེད་པར་དཀའ་ངལ་འཕྲད་དོན་སྐོར་ཁོང་གིས་རྒྱལ་ཁབ་མང་ཆེ་བའི་དུས་རྒྱུན་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་དོན་ལས་སོ་སོའི་རྒྱལ་ཁབ་ཀྱི་རྒྱ་ནག་མཉམ་དུ་དཔལ་འབྱོར་དང་འཐབ་ཇུས་ཀྱི་འབྲེལ་བ་དེ་ལ་རྒྱུན་དུ་གཙོ་གནད་ཆེ་བར་རྩི་ཡི་ཡོད་པ་རེད་ཅེས་གསུངས་བྱུང་།

དེ་བཞིན་བོད་མི་དང་གྲངས་ཉུང་མི་རིགས་གཞན་ཚོར་རྒྱ་ནག་ནང་འཕྲད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་དེ་རྒྱལ་ཁབ་གཞན་ཁག་གིས་ཤེས་ཀྱི་ཡོད་ཀྱང་། ཁོང་ཚོས་རྒྱ་ནག་མཉམ་དུ་ཆབ་སྲིད་དང་དཔལ་འབྱོར་ཡང་ན་འཐབ་ཇུས་ཀྱི་འབྲེལ་བར་གནོད་སྐྱོན་གཏོང་རྒྱུར་དྭོགས་ཟོན་དང་ཡིད་གཟབ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་གནད་དོན་དེ་དག་ལ་གལ་ཆེན་པོ་མ་བརྩིས་པ་རེད་ཅེས་བརྗོད་བྱུང་།

ཡང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་ཐད་ལྟ་ཞིབ་བྱེད་མཁན་ཨི་ཊ་ལིའི་གསར་འགོད་པ་མཱར་ཀོ་རེས་པིན་ཊི་ལགས་ཀྱིས་བློ་དགའ་རང་བཙན་ལགས་ནི་རྒྱ་ནག་དམར་ཤོག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་བཅུ་ཕྲག་མང་པོའི་ཁོངས་ནས་གཅིག་ཡིན་པ་དང་ཁོང་འདས་གྲོངས་སུ་གྱུར་བ་དེས་བོད་ནང་གི་གནས་སྟངས་ཛ་དྲག་ཡིན་པ་མཚོན་གྱི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང།

དེ་ཡང་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་པའི་རེ་འབོད་ཀྱི་ནང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གསར་པར་ངོ་རྒོལ་གཅིག་ཆགས་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཁྲིམས་དེས་གྲངས་ཉུང་མི་རིགས་ཚོ་རྒྱ་རྒྱུར་གྱི་སྲིད་ཇུས་ལ་སྔར་བས་ཤུགས་ཆེ་རུ་གཏོང་བ་ཞིག་ཡིན་པར་སྐྱོན་བརྗོད་བྱེད་ཀྱི་འདུག

མཱར་ཀོ་རེས་པིན་ཊི་ལགས་ཀྱིས་ད་དུང་། གང་ཟག་གཅིག་གིས་རང་ཉིད་མེར་སྲེག་གཏོང་རྒྱུའི་ཐག་གཅོད་བྱེད་དགོས་འཁེལ་སྐབས། གནས་སྟངས་དེ་བཟོད་དཀའ་བ་ཞིག་མཚོན་གྱི་ཡོད་པས། བློ་དགའ་རང་བཙན་ལགས་རང་སྲོག་བློས་གཏོང་བྱེད་རྒྱུ་འདི་གདམ་ཁར་མཐོང་ཡོད། བོད་ནང་གི་གནས་སྟངས་དེ་བཟོད་ཐབས་བྲལ་བ་ཞིག་རེད། འོན་ཀྱང་འཛམ་གླིང་གིས་དེར་ཉན་འཇོག་བྱེད་ཀྱི་མེད་པ་དང་། ག་རེ་བྱེད་ནས་དོ་སྣང་བྱེད་ཀྱི་མེད་པ་དེ་ཚོ་འདྲི་དགོས། འཛམ་གླིང་ནང་གཞུང་མང་པོ་ཞིག་གིས་རང་དབང་དང་འགྲོ་བ་མིའི་ཚེ་སྲོག་ལས་དཔལ་འབྱོར་གྱི་ཁེ་ཕན་དང་ཚོང་ལས་ལ་རིན་ཐང་ཆེ་བ་སྤྲོད་ཀྱི་ཡོད་པ་འགྲེལ་བརྗོད་གནང་སོང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དང་བོད་མི་གནས་ཡུལ་གང་སར་བོད་དོན་ངོ་རྒོལ་བྱེད་མཁན་ཚོར་རྒྱལ་སྤྱིའི་ངོས་ནས་ཡ་ལན་གང་འདྲ་ཡོང་གི་ཡོད་མེད་ད་ཆ་ལྟ་ཞིབ་དོ་སྣང་བྱེད་པའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད།།