རྒྱ་ནག་གིས་“མི་རིཊ་མཐུན་སྒྲིལ་སྐུལ་སྤེལ་”གྱི་ཁྲིམས་གཏན་འབེབས་བྱས་པ།

“མི་རིགས་མཐུན་སྒྲིལ་སྐུལ་སྤེལ་”གྱི་ཁྲིམས་གཏན་འབེབས་བྱས་པ་འདིས་བོད་དང་མི་རིགས་གཞན་གྱི་ངོ་བོ་རྩ་བརླག་ཏུ་གཏོང་བར་ཤུཊ་རྐྱེན་སྤྲད་སྲིད་པ་རེད་གསུངས་བྱུང་།

ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༤ ཚོགས་འདུ་ཐེངས་ ༤ ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་གཏན་འབེབས་བྱས་འདུག

འདི་ནི་རྒྱ་ནག་གི་ལོ་རྒྱུས་ནང་རྒྱལ་ཡོངས་སུ་ལག་བསྟར་བྱེད་རྒྱུའི་མི་རིགས་བསྲེས་ལྷད་དང་བོད་དང་ཡུ་གུར་མི་རིགས་རྣམས་རྒྱ་བསྒྱུར་གྱི་ལས་གཞི་དངོས་སུ་ལག་བསྟར་གྱི་གཞི་རྩར་གྱུར་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་རིག་པ་བ་ཧྥརེངྐ་ ལེ་བྷ་གྷར་ (Frank Lehberger) ལགས་ནི་བོད་དང་། རྒྱ་ནག ཐེ་ཝན་བཅས་སུ་ལོ་མང་ཕྱག་ལས་གནང་པ་དང་མཐོང་རྒྱ་ཡོད་མཁན་ཞིག་ཡིན་པ་རེད།

རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ “མི་རིཊ་མཐུན་སྒྲིལ་སྐུལ་སྤེལ་” གྱི་ཁྲིམས་གཏན་འབེབས་བྱས་འདུག “མི་རིགས་མཐུན་སྒྲིལ་སྐུལ་སྤེལ་”གྱི་ཁྲིམས་གཏན་འབེབས་བྱས་པ་འདིས་བོད་དང་མི་རིགས་གཞན་གྱི་ངོ་བོ་རྩ་བརླག་ཏུ་གཏོང་བར་ཤུཊ་རྐྱེན་སྤྲད་སྲིད་པ་རེད་གསུངས་བྱུང་།

ཁོང་གིས། ཁྲིམས་ཡིག་འདི་བརྒྱུད་“ད་ལྟ་བོད་མི་རིགས་ཐོག་བཙན་ཤེད་དང་འཆར་གཞི་ལྡན་པའི་སྒོ་ནས་རྒྱ་སྒྱུར་བྱེད་བཞིན་པ་དེས་ཞི་ཅིན་ཕིང་གིས་བསམ་འདུན་དམིགས་ཡུལ་བཅངས་པ་ལས་ལྡོག་སྟེ་ཤུགས་རྐྱེན་ཞིག་ཐེབས་ཀྱི་རེད། རྒྱ་སྒྱུར་གྱི་ལས་འགུལ་དེས་རྒྱ་ནག་ནང་སྤྱི་ཚོགས་རིང་ལུགས་ཀྱི་དབང་ཤུགས་ཉམས་རྒུད་དུ་འགྲོ་བཞིན་པ་དེ་དེ་བས་ཇེ་སྡུག་ཏུ་གཏོང་གི་རེད།”ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ནས་དགོངས་ཚུལ་གསུངས་བྱུང་།

ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔལ་བཟང་འཛུགས་གཏོད་ཀྱི་གསོལ་ཡིག་ཅེས་པ་གཏན་འབེབས་ཀྱིས་བོད་ནང་ལག་བསྟར་བྱེད་ཡོད་པ་དང་། སྲོལ་ཡིག་དེས་བོད་ནང་མི་རིགས་ཕན་ཚུན་གཉེན་འགྲིག་བྱེད་པར་སྐུལ་མ་བྱེད་ཡོད་པ་རེད།

“མི་རིགས་མཐུན་སྒྲིལ་སྐུལ་སྤེལ་”གྱི་ཁྲིམས་གཏན་འབེབས་བྱས་པའི་ཐད་ཐབས་བྱུས་ཉམས་ཞིབ་པ་ཞིག་གི་དགོངས་ཚུལ་གསུངས་པ།
མི་རིགས་མཐུན་སྒྲིལ་སྐུལ་སྤེལ་གྱི་ཁྲིམས་ཡིག་གཏན་འབེབས་བྱས་པ། “མི་རིགས་མཐུན་སྒྲིལ་སྐུལ་སྤེལ་”གྱི་ཁྲིམས་གཏན་འབེབས་བྱས་པའི་ཐད་ཐབས་བྱུས་ཉམས་ཞིབ་པ་ཞིག་གི་དགོངས་ཚུལ་གསུངས་པ། (RFA Tibetan)

རྒྱ་ནག་ཐེ་བའི་རྒྱལ་སྤྱིའི་ཐབས་བྱུས་ཀྱི་གནད་དོན་ཐོག་ལ་ཉམས་ཞིབ་པ་སྦརཱ་མ་ ཅེ་ལ་ནི་ (Brahma Challeney) ལགས་ཀྱིས། “ཁྲིམས་འདི་དེ་སྔའི་མི་རིགས་ས་ཁོངས་རང་སྐྱོང་གི་སྒྲོམ་གཞི་ཡོད་པ་དེ་ནས་བཙན་ཤེད་ཀྱི་རྒྱ་སྒྱུར་སྲིད་བྱུས་ཐོག་ལ་གཞི་རིམ་གྱི་འཕོ་འགྱུར་བཏང་པ་ཞིག་མཚོན་གྱི་ཡོད་པ་དང་། ༢༠༢༦ གི་ཁྲིམས་འདིས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་རྒྱ་ཧན་མི་རིགས་སྤོ་བཞུད་བྱེད་རྒྱུ་དང་། གྲངས་ཉུང་མི་རིགས་རྣམས་ངལ་རྩོལ་ལས་རིམ་གྱི་ཆེད་རྒྱ་མི་རིགས་ཀྱི་ཁོངས་སུ་ཐིམ་པར་བྱེད་པའི་ཁྲིམས་ལུགས་ཀྱི་སྒྲོམ་གཞི་ཞིག་སྐྲུན་པ་རེད་། ཕུག་འགྱངས་རིང་པོར་ཐུན་མོང་མིན་པའི་མི་རིགས་ཀྱི་ངོ་བོ་དེ་དག་རྒྱ་ནག་གི་ངོ་བོའི་ཁྲོད་ཐིམ་པར་བྱེད་པའི་ཤུགས་རྐྱེན་ཞིག་ཏུ་གྱུར་སྲིད་པ་རེད་”ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

“མི་རིགས་མཐུན་སྒྲིལ་སྐུལ་སྤེལ་”གྱི་ཁྲིམས་གཏན་འབེབས་བྱས་པའི་ཐད་ཐབས་བྱུས་ཉམས་ཞིབ་པ་ཞིག་གི་དགོངས་ཚུལ་གསུངས་པ།
མི་རིགས་མཐུན་སྒྲིལ་སྐུལ་སྤེལ་གྱི་ཁྲིམས་ཡིག་གཏན་འབེབས་བྱས་པའི་ཐད་དགོངས་ཚུལ། “མི་རིགས་མཐུན་སྒྲིལ་སྐུལ་སྤེལ་”གྱི་ཁྲིམས་གཏན་འབེབས་བྱས་པའི་ཐད་ཐབས་བྱུས་ཉམས་ཞིབ་པ་ཞིག་གི་དགོངས་ཚུལ་གསུངས་པ། (RFA Tibetan)

“མི་རིགས་མཐུན་སྒྲིལ་སྐུལ་སྤེལ་” གྱི་ཁྲིམས་ཡིག་འདིའི་ནང་སློབ་གྲྭ་ཁག་ཏུ་སྔོན་འགྲོའི་རིམ་པ་ནས་རྒྱ་སྐད་གཙོ་བོར་བྱེད་དེ་སློབ་འཁྲིད་བྱེད་དགོས་པ་དང་། མི་རིགས་ཕན་ཚུན་དབར་ལ་གཉེན་སྒྲིག་བྱེད་པའི་སྐབས་ཕ་མ་དང་ཚོགས་པ་ཁག་གིས་བཀག་འགོག་མི་ཆོག་པ། མི་རིགས་ཕན་ཚུན་དབར་དུམ་བུར་གཏོང་བའི་བྱ་སྤྱོད་སྤེལ་མཁན་གྱི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཀྱི་ཚོགས་པ་དང་མི་སྒེར་པ་ཚོར་ཁྲིམས་ཀྱི་ཐོག་ནས་འགན་འཁུར་བྱ་དགོས་པ་ཞེས་འཁོད་ཡོད་པ་རེད།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས། ཁྲིམས་འདིའི་ནང་སྐད་ཡིག་གི་སྲིད་བྱུས་འདི་དག་གིས་གྲངས་ཉུང་མི་རིགས་རྣམས་རྒྱ་མི་རིགས་ཀྱི་ཁོངས་སུ་རིམ་བཞིན་ཐིམ་པར་བྱེད་པའི་དམིགས་ཡུལ་བཅངས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

བོད་ནང་དུ་ཁྲིམས་ཡིག་གི་འབྲུ་དོན་ལ་སློབ་སྦྱོང་བྱེད་འཇུག་པ།

ཕྱི་ཟླ་ ༣ ཚེས་ ༡༦ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་གི་དྲུང་ཆེ་ཝང་ཅུན་ཀྲེང་གིས་ཚོགས་འདུ་སྐོང་ཚོགས་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་མུ་མཐུད་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོབ་དང་། ཁྱོན་ཡོངས་ནས་ཁྲིམས་ལུགས་ལྟར་བོད་ལ་འཛིན་སྐྱོང་བྱ་རྒྱུ། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཡོང་རྒྱུའི་སློབ་གསོར་ཤུགས་གནོན་རྒྱག་དགོས་པ་བརྗོད་འདུག ཡང་ཚེས་ ༡༣ ཉིན་ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ལྷན་ཁང་གིས་ཆེད་མངགས་ཚོགས་འདུ་ཚོགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་དེར་སློབ་སྦྱོང་བྱ་རྒྱུ་འགོ་འཛུགས་བྱས་ཡོད་འདུག

རང་གི་བདེ་འཇགས་ཆེད་མིང་འདོན་གནང་འདོད་མེད་པའི་བོད་ནང་གི་མི་སྣ་ཞིག་གིས་རྒྱ་ནག་གི་ཚོགས་ཆེན་གཉིས་མཇུག་བསྒྲིལ་པའི་རྗེས་གཞུང་གི་ལས་ཁུངས་ཁག་ནང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་འགོ་བཙུགས་ཟིན་པ་དང་། མི་རིགས་མཐུན་བསྒྲིལ་སྐོར་ལ་སྔ་ས་ནས་སེ་འབྲུ་བཞིན་མཐུན་སྒྲིལ་དམ་གཟབ་དགོས་པ་བརྗོད་བཞིན་ཡོད་པ་རེད་ཅེས་གསུངས་བྱུང་།

ད་ལྟ་རྒྱ་ནག་གི་དབང་འཛིན་འོག་མི་རིགས་ ༥༦ ཡོད་ལ། དེའི་ཁོངས་ནས་རྒྱ་ཧན་མི་རིགས་ལ་མཚོན་ན་རྒྱ་ནག་གི་མི་འབོར་ཁྱོན་གྱི་བརྒྱ་ཆ་ ༩༠ ལྷག་དང་འཕྲོས་རྣམས་གྲངས་ཉུང་མི་རིགས་ ༥༥ ནང་ཚུད་ཡོད་པ་རེད།།

ཁ་སྣོན། ༢༠༢༦།༣།༡༧ ཉིན་བོད་ནང་གི་གནས་ཚུལ་ཁ་སྣོན་ཞུས་ཡོད།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།