སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མིའི་མཚན་གཞུང་གསལ་བསྒྲགས་གནང་པ།

དབུས་འོས་བསྡུ་ལས་ཁང་གིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་པ།

ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་གསལ་བསྒྲགས་དང་འབྲེལ། ཟླ་ ༤ ཚེས་ ༢༦ ཉིན་བོད་མི་འདུ་སྡོད་ས་གནས་ཡོངས་ཀྱི་ནང་དངོས་གཞིའི་འོས་བསྡུ་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།

དེ་ཡང་སྒྲིག་གཞི་དོན་ཚན་ ༤༩ ནང་གསེས་ ༣ ཀ་པའི་དགོངས་དོན་ལྟར། ཐོབ་ཁུངས་སོ་སོའི་གྲངས་ཚད་ཉིས་ལྡབ་ཐོག་དྭང་བླངས་ཇི་ཡོད་བསྣན་ཏེ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་ཁོངས་སུ། དབུས་གཙང་དང་མདོ་སྨད་ཆོལ་ཁའི་སྤྱི་འཐུས་འོས་དམིགས་ ༢༠ རེ་དང་། མདོ་སྟོད་ཆོལ་ཁའི་ཁོངས་སུ་འོས་དམིགས་ ༢༠ ཡོད་པའི་ཐོག་དྭང་བླངས་ ༡ དང། ཆོས་བརྒྱུད་ཁག་ལྔ་ནས་འོས་དམིགས་ ༤ རེ། ཡུ་རོབ་དང་ཨ་ཧྥི་རི་ཀ་ནས་འོས་དམིགས་ ༤ ཡོད་པའི་ཐོག་དྭང་བླངས་ ༡ ལྷོ་བྱང་ཨ་རི་ནས་འོས་དམིགས་ ༤ ཡོད་པའི་ཐོག་དྭང་བླངས་ ༡ རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤེ་ཡ་དང་། ཨོསི་ཊརེ་ལི་ཡ་ནས་འོས་དམིགས་ ༢ བཅས་གཏན་འབེབས་ཞུས་ཡོད་པ་གསུངས་སོང་། མདོར་ན། ཐེངས་འདིར་དབུས་འོས་བསྡུ་ལས་ཁང་གིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མི་གྲངས་ ༩༠ ཡོད་པའི་ཐོག་དྭང་བླངས་གསུམ་བཅས་ཁྱོན་འོས་མི་གྲངས་ ༩༣ གྱི་མིང་གཞུང་གསལ་བསྒྲགས་གནང་ཡོད་པ་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འདི་ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་འོས་འཕེན་པ་བོད་མི་ ༩༡༠༠༠ ལྷག་གིས་དེབ་སྐྱེལ་གནང་ཡོད་ཀྱང་། སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་དངོས་སུ་འོས་འཕེན་མཁན་མི་གྲངས་ ༥༡༡༤༠ ལས་བྱུང་མེད་པ་དང་། ཡང་ཟླ་ ༤ ཚེས་ ༢༦ ཉིན་གྱི་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞི་འོས་བསྡུའི་སྐབས། དེབ་སྐྱེལ་ཞུས་ཟིན་པའི་གྲངས་འབོར་དང་མཚུངས་པའི་འོས་འཕེན་པ་མཉམ་ཞུགས་གནང་ཕྱོགས་ཐད་འོས་བསྡུ་ལས་ཁང་ངོས་ནས་དགོངས་པ་གང་འདྲ་བཞེས་ཡོད་མེད་སྐོར་བཀའ་འདྲི་ཞུས་པར། འོས་བསྡུ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས། འདི་ལོར་དེ་སྔ་དང་བསྡུར་ན་བོད་མི་འོས་བསྡུ་དེབ་སྐྱེལ་བྱེད་མཁན་མང་ཤོས་བྱུང་ཡོད་ཀྱང་འོས་འཕེན་པའི་གྲངས་འབོར་དེ་ཙམ་མ་བྱུང་བ་ནི། འདི་ལོའི་སྔོན་འགྲོའི་འོས་བསྡུ་དེ་བཞིན་དགུན་དུས་འཁེལ་ཡོད་པས། བོད་མི་མང་དག་ཅིག་གིས་སུད་ཚོང་ས་གནས་སུ་དཔྱ་ཁྲལ་ལག་དེབ་འཁྱེར་མེད་པར་བརྟེན་སུད་ཚོང་གི་ས་གནས་རེ་ཟུང་ནས་སྔོན་འགྲོའི་འོས་བསྡུའི་ནང་མཉམ་ཞུགས་ཐུབ་མེད་པ་དང་། མཐོ་སློབ་ལ་སྐྱོད་བཞིན་པའི་སློབ་མ་རྣམས་ལའང་གུང་སེང་མ་རགས་པ་སོགས་དཀའ་ངལ་སྣ་མང་འཕྲད་པའི་དབང་གིས་ཡིན་ཞིང་། ད་རེས་ཟླ་ ༤ ཚེས་ ༢༦ ཉིན་གྱི་དངོས་གཞི་འོས་བསྡུའི་ཉིན་མོ་དེར་གནམ་གཤིས་སོགས་གང་ཅིའི་ཐོག་ནས་ཡག་པོ་ཡོད་པའི་སྐབས་ཡིན་པས་འོས་འཕེན་མཁན་སྔོན་འགྲོ་འོས་བསྡུ་ལས་མང་དུ་འགྲོ་ངེས་ཡིན་པའི་ཚོད་དཔག་གནང་གི་ཡོད་པ་གསུངས་བྱུང་།

གཞན་ཡང་དབུས་འོས་བསྡུ་ལས་ཁང་གིས་འདི་ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་དོན་དང་མང་ཚོགས་ཀྱི་བསམ་ཚུལ་ཞུ་ཡིག་སོགས་དང་འབྲེལ། འོས་བསྡུའི་ལས་དོན་འཐུས་ཚང་ཡོང་སླད་དང་། ད་ལྟའི་ལས་དོན་དང་སྒྲིག་གཞིའི་ཐོག་ནས་སྐྱོན་གནས་ཡོད་པ་དེ་དག་མ་འོངས་བསྐྱར་བཅོས་དང་ཡར་རྒྱས་གཏོང་ཕྱོགས་ཐད་ཁོང་རྣམས་ནས་འོས་བསྡུའི་ལས་རིམ་གྲུབ་པ་དང་སྒྲིག་གཞི་བསྐྱར་བཅོས་ཐོག་བསམ་འཆར་བསྡུ་ལེན་སོགས་གནང་རྒྱུ་དང་། ད་རེས་ཀྱི་ཉམས་མྱོང་འདི་བརྒྱུད། མ་འོངས་ཡར་རྒྱས་དང་མཐུན་རྐྱེན་གསར་པ་གང་བསྐྲུན་དགོས་པ་སོགས་ཀྱི་ཐོག་ལའང་བསམ་འཆར་བསྡུ་ལེན་སོགས་གནང་རྒྱུ་ཡིན་པ་གསུངས་སོང་།

ད་དུང་ཐེངས་འདིའི་གསར་འགོད་གསལ་བསྒྲགས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གིས། ཟླ་ ༣ ཚེས་ ༡༨ ཉིན་ནས། གཏན་འབེབས་ཟིན་པའི་འོས་མི་དང་དེ་དག་གི་རྒྱབ་སྐྱོར་བ་རྣམས་ནས་འོས་བསྡུའི་སྒྲིག་གཞི་ལྟར་འོས་བསྡུའི་དྲིལ་བསྒྲགས་གནང་ཆོག་པའི་གསལ་བསྒྲགས་དང་། སྤྱི་འཐུས་ཀྱི་འོས་གཞི་དང་འོས་འཕེན་པ་ཡོངས་ནས་ཐུགས་སྣང་གནང་དགོས་རིགས་ཁག་ཅིག་ཀྱང་གསལ་བསྒྲགས་གནང་སོང་། ཡང་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ (༧) (ཁ) དགོངས་དོན་ལྟར། ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༤ ཚེས་ ༢༣ ཉིན་གྱི་ཕྱི་དྲ་ཕྱག་ཚོད་ ༥།༠༠ ནས་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་དོན་ཡོངས་རྫོགས་མཚམས་འཇོག་དགོས་རྒྱུ་ཞེས་བཀོད་འདུག

སྤྱིར་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡ ཉིན་བཙན་བྱོལ་བོད་མི་རང་ལོ་ ༡༨ ཧྲིལ་པོ་ལོན་པ་ཡན་གྱིས་ ༢༠༢༦ ལོའི་སྲིད་སྐྱོང་དང་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་བཅས་ཀྱི་སྔོན་འགྲོའི་འོས་ཤོག་འཕངས་ཡོད་ཅིང་། འདི་ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་མི་གྲངས་ ༥༡༡༤༠ ཡིས་འོས་བསྡུའི་ནང་འོས་འཕེན་ཡོད་ཅིང་། ཟླ་ ༢ ཚེས་ ༡༣ ཉིན་འོས་བསྡུ་ལས་ཁང་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལཊ་སྔོན་འགྲོའི་འོས་བསྡུའི་ནང་བརྒྱ་ཆ་ ༦༠ ལོན་ཏེ་དངོས་གཞིའི་འོས་བསྡུའི་ནང་ཞུཊ་མི་དགོས་པར་ ༢༠༢༦ སྲིད་སྐྱོང་དུ་འདེམས་ཐོན་བྱུང་བའི་གསལ་བསྒྲགས་གནང་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།