བོད་ནས་ཐོན་པའི་གཏེར་ཚང་རིག་ནུས་ཀྱི་ནང་རྒྱ་ནག་གཞུང་གི་ལྟ་བ་ཁྱབ་བསྒྲགས་བྱེད་བཞིན་པ།

སྨོན་ལམ་རིག་ནུས་དང་གཏེར་ཚང་རིག་ནུས་གཉིས་བེད་སྤྱོད་གཏོང་མཁན་གྱི་ཁྲོད་ནས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་འགྲེལ་བརྗོད་བྱེད་སྟངས་མི་འདྲ་བ་ཡོད་པ།

ཉེ་ཆར་བོད་ནང་ནས་ཐོན་པའི་གཏེར་ཚང་མིས་བཟོས་རིག་ནུས་འདི་ནི་གོ་ལ་ཧྲིལ་པོའི་བོད་སྐད་དཔེ་དབྱིབས་ཆེན་མོ་ཐོག་མ་རེད་ཅེས་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་རྒྱ་ཆེ་བྱེད་བཞིན་ཡོད་པ་དང་། འདི་ནི་བོད་ཡིག་བོད་སྐད་ཀྱི་མིས་བཟོས་རིག་ནུས་ (AI) གསར་གཏོད་བྱས་པ་ཐོག་མ་ཡིན་ཚུལ་འགྲེལ་བརྗོད་བྱས་འདུག

གཏེར་ཚང་མིས་བཟོས་རིག་ནུས།
བོད་ནས་ཐོན་པའི་གཏེར་ཚང་མིས་བཟོས་རིག་ནུས་ཀྱི་ནང་རྒྱ་ནག་གཞུང་གི་ལྟ་བ་ཁྱབ་བསྒྲགས་བྱེད་བཞིན་པ། གཏེར་ཚང་མིས་བཟོས་རིག་ནུས། (Global Times)

ཤེས་རྟོགས་བྱུང་པར་གཞིགས་ན། བོད་ཡིག་ཐོག་གི་མིས་བཟོས་རིག་ནུས་ཐོག་མ་འདི་ཕྱི་ལོ་ ༢༠༢༣ ལོར་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྨོན་ལམ་རིག་ནུས་ཞེས་ཐོག་མར་འགྲེམས་སྤེལ་གནང་ཡོད་འདུག

དེ་ཡང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། ང་ཚོས་ ༢༠༢༣ ལོ་ནས་འགོ་བཙུགས་ཏེ་སྨོན་ལམ་རིག་ནུས་ཁག་གསུམ་བཞི་ཙམ་ཞིག་བཏོན་ཡོད་པ་དང་། ཡང་ ༢༠༢༤ ལོར་སྨོན་ལམ་མེ་ལོང་དང་པོ་འདི་བཏོན་ཡོད། དེ་དུས་བོད་ཡིག་གི་ཚིག་གི་ཆ་ཤས་ཐེར་འབུམ་དྲུག་ལྷག་ཙམ་སློབ་སྦྱོང་སྤྲད་པ་རེད་ལ། ཕྱི་ལོ་ ༢༠༢༥ ཟླ་ ༡༡ ནང་སྨོན་ལམ་མེ་ལོང་གི་རིམ་པ་གཉིས་པ་འདི་བཏོན་པ་རེད། དེ་དུས་བོད་ཡིག་གི་ཚིག་གི་ཆ་ཤས་ཐེར་འབུམ་ ༢༨ ཀྱི་སྦྱོང་བརྡར་སྤྲད་དེ་ད་ལྟ་ཡོངས་བསྒྲགས་ཀྱིས་བེད་སྤྱོད་གཏོང་བཞིན་པ་འདི་རེད། འདིའི་ཐད་ང་ཚོས་གཙོ་བོ་ཤུགས་རྒྱག་ས་འདི་ལོ་རྒྱུས་དང་བརྡ་སྤྲོད་སོགས་ཀྱི་སྐོར་ལ་ཡིན་ཞིང་། དེ་མིན་རིག་པའི་གནས་བཅུ་ཡི་མཚོན་པའི་དེང་རབས་ཀྱི་ཤེས་ཡོན་ལ་སོགས་རྩ་བའི་ལན་རྒྱབ་ཐུབ་ཀྱི་ཡོད་པ་ཡིན་རུང་། ཚད་དང་ལྡན་པ་ཡོང་རྒྱུར་རིམ་པས་འབད་བརྩོན་བྱེད་བཞིན་ཡོད་ཅེས་གསུངས་བྱུང་།

སྨོན་ལམ་མིས་བཟོས་རིག་ནུས།
བོད་ནས་ཐོན་པའི་གཏེར་ཚང་མིས་བཟོས་རིག་ནུས་ཀྱི་ནང་རྒྱ་ནག་གཞུང་གི་ལྟ་བ་ཁྱབ་བསྒྲགས་བྱེད་བཞིན་པ། སྨོན་ལམ་མིས་བཟོས་རིག་ནུས། (སྨོན་ལམ་བརྡ་འཕྲིན་ཁང་།)

ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་ནོར་རྒྱས་ལགས་ཀྱིས། ཐེངས་དང་པོ་རྒྱ་ནག་གཞུང་གིས་རོགས་རམ་འོག་བཟོས་པ་ཞིག་དང་། བོད་ཀྱི་སྐད་ཡིག་འདི་གོང་འཕེལ་གཏོང་གི་ཡོད་པའི་སྐོར་ཞིག་གཤོད་ཀྱི་འདུག དེ་རང་བདེན་པ་མིན་པ་གསལ་པོ་རེད། བོད་ཡིག་བོད་སྐད་ཀྱི་མིས་བཟོས་རིག་ནུས་ཐོག་མ་བཟོ་མཁན་ནི་རྒྱ་གར་ལ་བཙན་བྱོལ་དུ་ཡོད་པའི་དགེ་བཤེས་བློ་བཟང་སྨོན་ལམ་ལགས་རེད་ཅེས་གསུངས་བྱུང་།

བོད་ནང་གི་གཏེར་ཚང་མིས་བཟོས་རིག་ནུས་འདི་ནི་བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཁང་ལ་རྒྱ་ནག་གཞུང་གིས་ཆོག་མཆན་སྤྲད་པ་མ་ཟད། གཞུང་གིས་རྒྱབ་སྐྱོར་ཡོད་པའི་ཐོག་བཟོས་པ་ཞིག་ཡིན་པ་བོད་ནང་ནས་ངོ་སྤྲོད་གནང་མཁན་བྱུང་། རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ནས། མིས་བཟོས་རིག་ནུས་ཀྱི་རྩིས་ཐབས་དང་དཔེ་དབྱིབས་ཐོ་བཀོད་བྱས་པའི་བོད་སྐད་དཔེ་དབྱིབས་ཆེན་མོ་ཐོག་མ་དེར་བོད་སྐད་ཀྱི་ཤན་སྦྱར་ཡིག་མཛོད་ཁྲི་ ༧༠༠༠ ཙམ་དང་བོད་སྐད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་ཡིག་མཛོད་ཆུ་ཚོད་ ༣༠༥༠༠ ལྷག་ཙམ་ཡོད་པ་བརྗོད་འདུག

བསྟན་འཛིན་ནོར་རྒྱས་ལགས་ཀྱིས་མུ་མཐུད་གསུངས་དོན། མཉེན་ཆས་དེ་རིགས་ནི་གཞོན་སྐྱེས་ཚོས་བེད་སྤྱོད་གཏོང་གི་ཡོད་པར་བརྟེན། གཞོན་སྐྱེས་ཀྱི་བསམ་བློར་འགྱུར་བ་གཏོང་ཆེད་མིན་ནམ་སྙམ་པའི་བསམ་ཚུལ་ཡོང་གི་འདུག་ཅེས་གསུངས་བྱུང་།

འཛམ་གླིང་ཐོག་ཆ་འཕྲིན་གྱི་ནུས་པ་ཆེ་བའི་སྐབས་དེར་རྒྱ་ནག་གཞུང་གིས་གཏེར་ཚང་མིས་བཟོས་རིག་ནུས་བརྒྱུད་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དང་རྒྱ་ནག་གཞུང་གི་ལངས་ཕྱོགས་འགྲེལ་བརྗོད་བྱེད་པའི་ལག་ཆར་བེད་སྤྱོད་བྱེད་བཞིན་ཡོད་པས། ཆ་འཕྲིན་གྱི་དམག་འཐབ་ཅིག་ལ་ངོས་འཛིན་གནང་མཁན་འདུག

གཏེར་ཚང་རིག་ནུས་ཐོག་གི་འགྲེལ་བཤད།
བོད་ནས་ཐོན་པའི་གཏེར་ཚང་མི་བཟོས་རིག་ནུས་ཀྱི་ནང་རྒྱ་ནག་གཞུང་གི་ལྟ་བ་ཁྱབ་བསྒྲགས་བྱེད་བཞིན་པ། གཏེར་ཚང་རིག་ནུས་ཐོག་གི་འགྲེལ་བཤད། (དགེ་བཤེས་བློ་བཟང་སྨོན་ལམ།)

ཡང་སྨོན་ལམ་རིག་ནུས་དང་གཏེར་ཚང་རིག་ནུས་གཉིས་བེད་སྤྱོད་གཏོང་མཁན་གྱི་ཁྲོད་ནས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་འགྲེལ་བརྗོད་བྱེད་སྟངས་མི་འདྲ་བ་ཡོད་པ་མངོན་གསལ་དོད་པོ་ཆགས་ཡོད་འདུག

གཏེར་ཚང་མིས་བཟོས་རིག་ནུས་ཐོག་གི་འགྲེལ་བཤད།
བོད་ནས་ཐོན་པའི་གཏེར་ཚང་མིས་བཟོས་རིག་ནུས་ཀྱི་ནང་རྒྱ་ནག་གཞུང་གི་ལྟ་བ་ཁྱབ་བསྒྲགས་བྱེད་བཞིན་པ། གཏེར་ཚང་མིས་བཟོས་རིག་ནུས་ཐོག་གི་འགྲེལ་བཤད། (དགེ་བཤེས་བློ་བཟང་སྨོན་ལམ།)

ཡང་ནོར་རྒྱས་ལགས་ཀྱིས་གསུངས་པར། གཏེར་ཚང་རིག་ནུས་འདིར་རང་གིས་དཔྱད་ཞིབ་བྱེད་མི་ཤེས་པར་གང་བཤད་པའི་ནང་དོན་འདི་བདེན་པར་ངོས་འཛིན་བྱས་པ་ཡིན་ཚེ། བེད་སྤྱོད་བྱེད་མཁན་ལ་ཤུགས་རྐྱེན་ཐེབས་པའི་ཉེན་ཁ་ཆེན་པོ་རེད། ཡང་དཔེ་མཚོན་གཞན་ཞིག་ཞུས་ན། བོད་རང་བཙན་ཟེར་གང་ཡིན་པ་དྲིས་ཚེ། ལན་མི་འདེབས་པར། འདི་ཁྲིམས་དང་འགལ་བ་ཡིན་པ་བརྗོད་ཀྱི་འདུག་ཅེས་གསུངས་བྱུང་།

༧གོང་ས་ཏཱ་ལའི་བླ་མ་ཞེས་དྲིས་སྐབས་ཀྱི་ལན་འདེབས་ཕྱེད་ཕྱོཊ།
གཏེར་ཚང་མིས་བཟོས་རིག་ནུས་ཀྱིས་འགྲེལ་བཤད་བྱེད་སྟངས། ༧གོང་ས་ཏཱ་ལའི་བླ་མ་ཞེས་དྲི་སྐབས་ཀྱི་ལན་འདེབས་ཕྱེད་ཕྱོཊ། (Geshe Lobsang Monlam)

ཡང་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། གཏེར་ཚང་ནང་ཏཱ་ལའི་བླ་མ་ཞེས་མཚན་ནས་བྲིས་པ་དང་ལམ་སེང་སྐུ་ཕྲེང་བཅུ་བཞི་པ་ནི་ངོ་བོ་གསུམ་དང་ཁྱད་ཆོས་ལྔ་ཡི་ཐོག་ནས་ལོག་སྤྱོད་པ་ཡིན་པ་སོགས་མཚན་དམས་ཐོག་ནས་དུས་རྒྱུན་ཁོང་ཚོས་གཤོད་བཞིན་པ་འདི་བཤད་མཁན་ཞིག་བཟོས་འདུག་ཅེས་གསུངས་བྱུང་།

རྒྱ་ནག་གི་ལོ་ལྔ་ཚན་བཅོ་ལྔའི་འཆར་གཞིའི་ནང་མིས་བཟོས་རིག་ནུས་འདི་གལ་ཆེ་བརྩིས་ཡོད་ཅིང་། རྒྱ་ནག་གཞུང་གི་མིས་བཟོས་རིག་ནུས་ཀྱི་ལས་འཆར་ཐོག་ཆེད་མངགས་མ་དངུལ་གྱི་རོགས་སྐྱོར་བྱེད་ཀྱི་ཡོད་པ་བརྗོད་མཁན་བྱུང་།

དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་མུ་མཐུད་གསུངས་པར། བོད་ནང་ཆ་མཚོན་ན། རྒྱུ་ཆ་དང་། བོད་མི་ས་ཡ་བདུན་གྱི་གྲངས་འབོར་ཐོག་ནས་ཀྱང་འདི་འདྲ་ཞིག་བཏོན་པར་ལས་སླ་པོ་ཡིན་གྱི་རེད། བཙན་བྱོལ་ནང་མཚོན་ན། མི་རྒྱུ་གང་གི་ཐད་ནས་ཉུང་ཉུང་ཆགས་ཡོད། ཡིན་ན་ཡང་ང་ཚོས་ཚད་དང་ལྡན་པའི་ཐོག་ནས་གནས་ཚུལ་རྫུན་མ་མ་ཡིན་པར་ཡག་པོ་ཞིག་བཟོ་དགོས་པ་འདི་ང་ཚོའི་ལས་འགན་ལ་བཞག་ནས་འབད་བརྩོན་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་གནང་བྱུང་།

མིས་བཟོས་རིག་ནུས་ཀྱི་ལག་རྩལ་ཡར་རྒྱས་ཕྱིན་པའི་སྐབས་དེར་གལ་ཆེ་ཤོས་ནི་འགྲོ་བ་མིའི་སྤྱི་ཚོགས་འདིར་སྟབས་བདེ་སྐྲུན་ཐུབ་པ་བྱ་རྒྱུ་ལས་གཞན་གྱི་རང་དབང་འཕྲོག་པའི་ལག་ཆར་མི་འགྱུར་བ་བྱ་དགོས་པའི་ངོས་འཛིན་གཅིག་གྱུར་ཡོང་གི་ཡོད་འདུག་ལ། ཉེ་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་མཁན་གྱི་ཁྲོད་ནས་འབྲེལ་ཡོད་མིས་བཟོས་རིག་ནུས་སྐོར་བཀའ་འདྲི་ཞུ་སྐབས་འདི་ལྟར་བཀའ་ལན་གནང་ཡོད་པ་སྟེ། འཕྲུལ་ཆས་ལ་འགན་ཡོད་རུང་། མཐར་ཐུག་ནི་མིའི་བསམ་བློ་རང་ལ་ཐུག་ཡོད། བྱས་ཙང་འཕྲུལ་ཆས་ག་ཚོད་ཀྱི་ཟབ་པོ་ཡོད་ནའང་མིའི་བསམ་བློ་རྗེས་ཟིན་ཐུབ་ཀྱི་མ་རེད། འཕྲུལ་ཆས་བཟོས་པ་འདི་མ་གཏོགས་ཁར་ཐུག་ཁར་ཐུག་གི་འགྱུར་བ་འགྲོ་རྒྱུ་ཁག་པོ་རེད། མིའི་བསམ་བློ་ཁར་ཐུག་ཁར་ཐུག་ལ་འགྱུར་བ་འགྲོ་ཐུབ་ཀྱི་ཡོད། དཔེར་ན། མིའི་བསམ་བློ་འདི་ཁར་ཐུག་ཁར་ཐུག་ལ་འགྱུར་ཡོང་གི་འདུག་ཅེས་བཀའ་གནང་འདུག

བོད་ནང་གི་གཞོན་སྐྱེས་ཚོས་གཏེར་ཚང་རིག་ནུས་ཐོན་པ་དེས་བོད་ཡིག་བོད་སྐད་བེད་སྤྱོད་དང་སྲུང་སྐྱོབ་ཐོག་ནུས་པ་ཐོན་རྒྱུ་ཡིན་པར་ངོས་འཛིན་གནང་གི་ཡོད་ཅིང་། ཡང་བཙན་བྱོལ་ནང་ནས་བོད་ཡིག་བོད་སྐད་སྲུང་སྐྱོབ་བྱ་རྒྱུ་འདི་བོད་པ་ཚང་མའི་ལས་འགན་ཡིན་པ་དང་། རྒྱ་ནག་གི་མིས་བཟོས་རིག་ནུས་འདྲ་མིན་ཐོན་བཞིན་ཡོད་པའི་ཁྲོད་ནས་དམར་ཤོག་གཞུང་གི་ལྟ་བ་ལངས་ཕྱོགས་ཀྱིས་མི་རབས་གསར་པར་ཤུགས་རྐྱེན་ཐེབས་སྲིད་པའི་སེམས་འཚབ་གནང་མཁན་ཡང་ཡོང་གི་འདུག

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།