༄༅༎གཞུང་འབྲེལ་མིན་པའི་བཀའ་བློན་ཁྲི་པའི་འོས་མི་ལྔས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་གཙོ་བོ་སྦེ་ལ་ཀོ་པི་ས་གནས་སུ་ཕྱི་ཟླ་དགུ་པའི་ཚེས་གསུམ་ཉིན་དང་བླངས་ཚོགས་ཆུང་ཞིག་གོ་བསྒྲིག་གནང་རྒྱུའི་བཀའ་བློན་ཁྲི་པའི་བགྲོ་གླེང་ཆེན་པོའི་ནང་མཉམ་ཞུགས་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག་།
དེ་ཡང་གངས་སྐྱིད་གསར་འགྱུར་དྲ་རྒྱའི་ཐོག་གློག་འཕྲིན་ཞིག་ལུང་དུ་འདྲེན་ནས་ཕྱི་ཚེས་༡༦ཉིན་གནས་ཚུལ་བཀོད་དོན་ལྟར་ན་ མི་སྒེར་པ་ཚོགས་མི་བཅུ་གཉིས་ལས་གྲུབ་པའི་ཚོགས་ཆུང་ཞིག་གི་གོ་བསྒྲིག་ཐོག་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་འོས་བསྡུའི་ནང་མཉམ་ཞུགས་གནང་རྒྱུའི་འདུན་པ་ཡོད་མཁན་གཞུང་འབྲེལ་མིན་པའི་བཀའ་བློན་ཁྲི་པའི་འོས་མི་ལྔས་བགྲོ་གླེང་ནང་མཉམ་ཞུགས་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད་འདུག་། ཁོང་ལྡ་པོ་ནི་བཀའ་བློན་ཁྲི་ཟུར་བཀྲས་གདོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ ཞི་འཇུག་སློབ་དཔོན་བློ་བཟང་སེང་གེ་ལགས་ མ་སུ་རི་བུ་ཁྱིམ་གྱི་དབུ་འཛིན་འཁོར་ལ་ཚང་བསོད་ནམས་སྟོབས་རྒྱལ་ལགས་བཅས་ཡིན་པ་རེད་འདུག་།
བཀའ་བློན་ཁྲི་པའི་བགྲོ་གླེང་ཆེན་པོའི་གོ་བསྒྲིག་གནང་དགོས་པའི་སྐོར་གོ་སྒྲིག་ཚོགས་ཆུང་གི་མགྲིན་ཚབ་པ་བློ་བཟང་རྡོ་རྗེ་ལགས་ཀྱིས་ བཙན་བྱོལ་བོད་མིའི་ཁྲོད་ནས་སྦེ་ལ་ཀོ་པི་ས་གནས་སུ་བོད་མི་འབོད་ཆེན་གཏན་སྡོད་ཀྱི་ས་གནས་ཤིག་ཡིན་དུས་ འབྱུང་འགྱུར་གྱི་བོད་མིའི་དབུ་ཁྲིད་ཀྱི་རེ་བ་ཡོད་མཁན་རྣམས་ཀྱི་དགོངས་ཚུལ་དང་ ནུས་འགྱོན་གང་ཡོད་པ་དེ་ས་གནས་མི་མང་རྣམས་ཀྱིས་མཁྱེན་རྒྱུ་གལ་གནད་ཆེན་པོ་ཡིན་པའི་སྐོར་ཞལ་དཔར་ཐོག་དྲ་རྒྱའི་གསར་འགོད་པར་འགྲེལ་བརྗོད་གནང་འདུག་། བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་གྱི་བཀའ་བློན་ཁྲི་པའི་འོས་མི་ཕྱི་ཟླ་བཅུ་པའི་ཚེས་༣སྔོན་འགྲོའི་འོས་བསྡུའི་རྗེས་སུ་གསལ་བསྒྲགས་གནང་རྒྱུ་ཡིན་པ་རེད་།
