༄༅༎ཐའེ་ལྦན་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་པའི་ཐོག་ཨ་མི་རི་ཀ་དང་ཐའེ་ལྦན་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་ཡང་ཡར་རྒྱས་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་བཞག
དེ་ཡང་ཐའེ་ལྦན་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཁྲེན་ཡིས་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲོལ་སྦན་ཡིས་ཐའེ་ལྦན་རང་བཙན་གྱི་ལྟ་བ་ཤུགས་ཆེ་འཛིན་ནས་རྒྱ་ནག་དང་ཐའེ་ལྦན་མཚོ་ཁག་གཉིས་དབར་གྱི་འབྲེལ་བའི་གནད་དོན་ཐད་གནོད་འཚེ་ཤུགས་ཆེ་བྱུང་བའི་ཐོག་ཨ་མི་རི་ཀ་དང་ཐའེ་ལྦན་དབར་གྱི་འབྲེལ་བའི་ཐོག་ཏུའང་གནོད་འཚེ་ཤུགས་ཆེ་ཕྱིན་ཡོད་པ་རེད། ཡིན་ནའང་ད་ལྟའི་ཐའེ་ལྦན་གྱི་སྲིད་འཛིན་མཱ་དབྱིང་ཇིའུ་ཐའེ་ལྦན་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་རྒྱ་ནག་ལྷན་དུ་འབྲེལ་བ་བསྐྱར་གསོ་གནང་ཐུབ་པ་མ་ཟད་ཨ་མི་རི་ཀའི་ལྷན་དུ་ཡང་འབྲེལ་བ་བཟང་དུ་གཏོང་ཐུབ་པ་བྱུང་ཡོད་པ་རེད་ཅེས་གོང་ཞུས་མགྲིན་ཚབ་པས་རོའུ་ཀྲར་གསར་འགྱུར་བརྒྱུད་ལམ་ཁང་དུ་ཁ་ས་རེས་གཟའ་མིག་དམར་ཉིན་གསལ་སྟོན་གནང་བཞག གནད་དོན་དེའི་ཐད་ཨ་མི་རི་ཀའི་གཞུང་ནས་ཀྱང་ཐའེ་ལྦན་གྱི་སྲིད་འཛིན་མཱ་དབྱིང་ཇིའུ་ཡིས་རྒྱ་ནག་གི་ལྷན་དུ་འབྲེལ་བ་བསྐྱར་གསོ་གནང་བའི་ཐོག་ཨ་མི་རི་ཀའི་མཉམ་དུ་ཡང་འབྲེལ་བ་དམ་གཟབ་གནང་བར་བསྔགས་བརྗོད་གནང་ཡོད་པ་རེད།
