རྒྱ་གར་གྱིས་ཨ་རིའི་གཞུང་འཛིན་གསར་པ་དང་འབྲེལ་ལམ་དམ་ཟབ་ཡོང་རེ་བྱེད་བཞིན་འདུག

རྒྱ་གར་གྱིས་ཨ་མི་རི་ཀའི་སྲིད་འཛིན་གསར་པ་འཇཱོ་སྦཡེ་ཌེན་(Joe Biden)ལགས་ཀྱི་སྲིད་གཞུང་སྐབས་ཡུལ་གྲུ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་དུ་འགྲོ་བའི་རེ་བ་ཆེན་པོ་གནང་བཞིན་འདུག
ཨ་རིའི་སྲིད་འཛིན་འཇཱོ་སྦེཡེ་ཌེན་(Joe Biden)ལགས་ཀྱི་གཞུང་འཛིན་སྐབས་ཨ་རི་དང་རྒྱ་གར་གཉིས་ཀྱི་འབྲེལ་ལམ་དམ་ཟབ་དུ་འགྲོ་བར་རྒྱ་གར་གཞུང་གིས་རེ་བ་ཆེན་པོ་གནང་བཞིན་པ་དང་། ཕྱི་ལོ་༢༠༠༨ལོར་སྐུ་ཞབས་འཇཱོ་སྦཡེ་ཌེན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཡིན་པའི་སྐབས། རྒྱ་གར་དང་ཨ་རི་ཡུལ་གྲུ་གཉིས་བར་རྡུལ་ཕྲན་མཚོན་ཆའི་སྐོར་གྲོས་མཐུན་འཇོག་རྒྱུར་རྒྱབ་སྐྱོར་གནང་མཁན་གཙོ་བོའི་གྲས་ཤིག་ཡིན་པ་དང་། ཡང་ཨ་རིའི་གཞུང་འཛིན་གསར་པའི་ནང་ཨ་རིའི་མི་སེར་ཡིན་པའི་རྒྱ་གར་གྱི་མི་རིགས་འགའ་ཤས་བསྐོ་བཞག་གནང་པ། དེ་བཞིན་ཨ་རིའི་གཞུང་འཛིན་གསར་པའི་དཔོན་རིགས་མཐོ་གྲས་རྣམས་ཀྱིས་རྒྱ་གར་གྱི་འབྲེལ་ཡོད་དཔོན་རིགས་རྣམས་ལ་ཞལ་པར་བརྒྱུད་བཀའ་མོལ་གནང་ཟིན་པ་སོགས་ལ་རྟེན་ནས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་གྱི་ཁ་ཕྱོགས་བཟང་པོ་ཞིག་ཏུ་བསྐྱོད་བཞིན་ཡོད་པར་རྒྱ་གར་གྱི་ངོས་ནས་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་པ་རེད། བདུན་ཕྲག་སྔོན་མའི་ནང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སུསྦ་ར་མཱན་ཡམ་ཇཡི་ཤངྐར་(Subrahmanyam Jaishankar)ལགས་ཀྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་སྦིལན་ཀེན་(Antony Blinken)ལགས་དང་ཞལ་པར་བརྒྱུད་ནས་བཀའ་མོལ་གནང་སྐབས། རྒྱ་གར་གྱིས་ཐབས་ཇུས་ཐོག་ནས་ཨ་རི་དང་ཕྱག་འབྲེལ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་ནན་བརྗོད་གནང་འདུག
དེ་བཞིན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་རཱཇ་ནཐ་སིངྒ་(Rajnath Singh)ལགས་ཀྱིས། ཨ་རིའི་བདེ་སྲུང་དྲུང་ཆེ་ལོཡེཌ་ཨོསི་ཊིན་(Lloyd Austin)ལགས་ལ་ཞལ་པར་བརྒྱུད་བཀའ་མོལ་གནང་ཡོད་ལ།
ད་དུང་རྒྱ་གར་གྱི་མི་རྒྱུད་ཡིན་པ་ལྕམ་ཀ་མ་ལ་ཧ་རེསི་(Kamala Harris)ལགས་ཨ་རིའི་སྲིད་འཛིན་གཞོན་པ་ཆགས་པ་དང་། དེ་མིན་ཨ་རིའི་སྲིད་གཞུང་གསར་པའི་ནང་ཆེས་གལ་གནད་ཆེ་བའི་གོ་གནས་འཛིན་མཁན་ཨ་རིའི་མི་སེར་ཡིན་པའི་རྒྱ་གར་བ་༢༠ལྷག་ཙམ་ཡོད་སྟབས། དཔལ་འབྱོར་དང་བདེ་འཇགས། དེ་བཞིན་བདེ་སྲུང་ཐད་ཡུལ་གྲུ་ཕན་ཚུན་གཉིས་བར་མཉམ་འབྲེལ་རྒྱུན་འཁྱོངས་གནང་རྒྱུར་རྒྱ་གར་གིས་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནཱལཌ་ཏྲམཔ་གྱིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུར་ཡང་གསང་བའི་ལས་དོན་དང་འབྲེལ་ཡོད་ཐད་རྒྱ་གར་ལ་རྒྱབ་སྐྱོར་གནང་ཡོད་པ་དང་། དེ་དག་ད་ལྟའི་ཨ་རིའི་གཞུང་འཛིན་གྱི་ངོས་ནས་ཀྱང་རྒྱུན་འཁྱོངས་གནང་བའི་ཁར་དེ་སྔོན་མ་མཐུན་པའི་གནད་དོན་ཡོད་པ་ཁག་ཀྱང་སེལ་ཐུབ་རྒྱུར་རྒྱ་གར་གྱིས་རེ་བ་བྱེད་ཀྱི་ཡོད་པ་རེད།