༄༅། །ཟླ་བ་འདིའི་ཚེས་༡༠ དང་༡༡ ཉིན་གཉིས་རིང་རྒྱ་ནག་གི་སྲིད་བློན་གཞོན་པ་Wang Yang དང་རྒྱལ་དོན་བློན་ཆེན་Yang Jiechi ཡིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཨ་རིར་སླེབས་ཏེ་ཨ་རིའི་དབུ་ཁྲིད་ཀྱི་ལྷན་དུ་གྲོས་མོལ་གནང་བའི་སྐབས་ཨ་རིའི་ཕྱོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་གནང་ཡོད་པའི་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག
༄༅། །དེ་ཡང་ཨ་རིའི་རྒྱལ་ས་Washington དུ་ཨ་རི་དང་རྒྱ་ནག་ཕན་ཚུན་གྱི་ཐབས་ཇུས་དང་དཔལ་འབྱོར་ཐོག་ལ་ཉིན་གཉིས་རིང་གི་གྲོས་མོལ་གྲུབ་པའི་རྗེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་སྐུ་ཞབས་William Burns ཡིས་གསུང་དོན་ལ། ད་རེས་རྒྱ་ནག་གི་སྐུ་ཚབ་ཀྱི་ལྷན་དུ་གྲོས་མོལ་གནང་བའི་རིང་ལ། ང་ཚོ་ཨ་རིའི་ཕྱོགས་ནས་དེང་སྐབས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་འགྲོ་བའི་གནད་དོན་དང་། དམིགས་བསལ་ཉེ་བའི་ཆར་བོད་དང་ཤིང་ཅང་ནང་དུ་བརྟན་ལྷིང་མེད་པའི་དཀའ་ངལ་སྐོར་ལ་གླེང་སློང་བྱས་ཏེ། གྲོས་མོལ་དེའི་དམིགས་ཡུལ་གཙོ་བོ་ནི། ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་པོ་ཕན་ཚུན་གྱི་འབྲེལ་ལམ་ནང་འགྲོ་བ་མིའི་ཐོབ་ཐང་དེ་གནད་འགག་ཆེན་པོ་ཞིག་ཡིན་པ་གསལ་སྟོན་བྱས་པ་ཞིག་ཡིན་ཞིང། ང་ཚོའི་ངོས་ནས་རྒྱལ་སྤྱིའི་ཡོངས་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་འགྲོ་བ་མིའི་རང་དབང་དེ་ཡིས་རྒྱ་ནག་ནང་དུ་སྔར་ལས་སྤྱི་ཚོགས་ཞི་བདེ་དང་དཔལ་ཡོན་ལྡན་པ། ལྷག་དོན་མཐར་ཐུག་གི་བདེ་འཇགས་འགན་ལེན་བསྐྲུན་ཐུབ་རྒྱུར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུང་ཡོད་པ་རེད། འོན་ཀྱང་ཕེ་རན་སི་གསར་འགྱུར་ལས་ཁང་གི་གནས་ཚུལ་སྤེལ་བའི་ནང། ཨ་རི་དང་རྒྱ་ནག་གི་སྐུ་ཚབ་ཟུང་འབྲེལ་གྱི་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་བའི་ཐོག་རྒྱ་ནག་གི་རྒྱལ་དོན་བློན་ཆེན་Yang Jiechi ཡིས་རྒྱ་ནག་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་བཏང་ཚུལ་བཤད་ཡོད་པས་མ་ཟད། བོད་དང་ཤིང་ཅང་གཙོས་པའི་རྒྱ་ནག་གི་ས་ཁུལ་ཁག་ཅིག་ནང་གི་མི་དམངས་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད་པའི་ཁར་སྔོན་ཆད་བྱུང་མྱོང་མེད་པའི་རང་དབང་ལོངས་སུ་སྤྱོད་བཞིན་ཡོད་ལུགས་བཤད་ཡོད་པ་རེད། ཁོ་པས་ད་དུང་། ཨ་རིའི་ཕྱོགས་ནས་ཨ་རིའི་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པ་དང། ང་ཚོ་རྒྱལ་ཁབ་གཉིས་པོས་སོ་སོའི་རྒྱལ་ནང་གི་གནད་དོན་ལ་ཐེ་ཇུས་མི་བྱེད་པའི་རེ་བ་ཡོད་ཅེས་བཤད་ཡོད་ལུགས་བཀོད་ཡོད་པ་རེད།།
