བོད་ནང་ཆོས་དད་རང་དབང་མེད་པ་ཨ་རིས་སྙན་ཐོར་འཁོད་པ།

ཨ་མི་རི་ཀས་ཕྱི་ལོ་༢༠༡༦ལོའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་སྐོར་གྱི་སྙན་ཐོ་འདོན་སྤེལ་གནང་བའི་ནང་། ཕྱི་ལོ་༢༠༡༥་ལོ་ནས་བཟུང་རྒྱལ་སྤྱིའི་ནང་ཆོས་ལུགས་རང་དབང་རྒྱུན་གནས་ཡོང་བར་ཛ་དྲག་གི་དཀའ་ངལ་འཕྲད་ཀྱི་ཡོད་ལུགས་བཀོད་འདུག
དེ་ཡང་རྒྱལ་སྤྱིའི་ནང་སྐྱབས་བཅོལ་བ་དང་། ཡུལ་གྱར་བ་མང་དུ་འགྲོ་བཞིན་པའི་ཆ་ནས་ཡོ་རོབ་ནང་རྨོངས་དད་ཀྱི་ཐོག་ནས་ཁ་ཆེ་དང་ཇི་ཝུ་མི་རིགས་ཀྱི་སྐྱབས་བཅོལ་བར་མུ་མཐུད་མཐོང་ཆུང་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་མུ་མཐུད་ཆོས་དད་རང་དབང་ལ་རྩིས་མེད་གདལ་བཤིག་གཏོང་བཞིན་པའི་ཐོག་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་སྒེར་དང་ཚོགས་པ་ཁག་གིས་སྐད་འབོད་ཇི་ཆུང་དུ་གཏོང་ཐབས་ཀྱི་སྲིད་ཇུས་འཛིན་བཞིན་ཡིན་ལུགས་ཨ་རིའི་ཆོས་ལུགས་རང་དབང་གི་སྙན་ཐོ་དེའི་ནང་བཀོད་ཡོད་འདུག
དེ་བཞིན་སྙན་ཐོ་དེའི་ནང་ཡུ་གུར་ཁ་ཆེའི་མི་རིགས་དང་། བོད་མི་ནང་པ་ཚོར་རྒྱ་ནག་གཞུང་གིས་མུ་མཐུད་དྲག་གནོན་བྱེད་ཀྱི་ཡོད་ཐོག་བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་རྗེས་མ་ཡང་རྒྱ་ནག་གཞུང་གིས་འདེམ་སྒྲུག་བྱ་རྒྱུ་ཡིན་ལུགས་བཤད་ནས་ཆོས་དད་རང་དབང་ལ་བརྩི་མེད་བྱེད་ཀྱི་ཡོད་ལུགས་བཀོད་འདུག
ཡང་སྙན་ཐོ་དེའི་ནང་། བོད་མི་རྣམས་ཀྱིས་རང་གི་རིག་གཞུང་དང་ཆོས་ཕྱོགས་ཀྱི་བྱ་བ་བྱེད་པའི་སྐབས་རྒྱ་ནག་གཞུང་གིས་ཉེན་བརྡ་བཏང་བ་དང་། བྱ་ར་བྱེད་པ་སོགས་བྱས་ནས་གང་ལྟར་བོད་མི་རྣམས་སྟངས་འཛིན་ནན་པོའི་འོག་བཞག་ཡོད་པ་དང་། བོད་ཀྱི་དགོན་པ་ཁག་ནང་རྒྱ་ནག་གཞུང་གིས་དཔོན་རིགས་འཛུལ་ནས་གུང་བྲན་ཏང་གི་ལངས་ཕྱོགས་དྲིལ་བསྒྲགས་བྱས་པ་སོགས་བྱེད་ཀྱི་ཡོད་ལུགས་བཀོད་འདུག
དེ་བཞིན་སྙན་ཐོ་དེའི་ནང་བོད་ནང་ནང་ཆོས་སློབ་གཉེར་བྱ་རྒྱུར་དམ་བསྒྲགས་བྱེད་ཀྱི་ཡོད་པ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱའི་བཙོན་ཁང་ནང་མནར་གཅོད་འོག་འདས་གྲོངས་སུ་གྱུར་པ་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་བོད་ནང་བོད་མི་མང་པོས་རང་ལུས་མེར་བསྲེགས་བཏང་ཡོད་པ་སོགས་སྙན་ཐོ་དེའི་ནང་འཁོད་འདུག།
དེ་བཞིན་ཡང་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱས་པའི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ལས་ཁང་གིས། བོད་ནང་གི་དགོན་པའི་གནས་སྟངས་སྐོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་པ་ཁག་ལ་ཡང་སེ་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། དགོན་པའི་ནང་དང་ཕྱི་ལ་ཉེན་རྟོག་ལས་ཁང་བཙུགས་ནས་དགེ་འདུན་པ་རྣམས་དམ་བསྒྲགས་ཆེན་པོའི་ངང་གནས་དགོས་ཆགས་ཀྱི་ཡོད་ལུགས་སོགས་བཀོད་འདུག
དེ་ཡང་བཟོད་སྲན་མ་ཐུབ་པའི་བོད་ཀྱི་དགོན་པ་ཞེས་འགོ་བརྗོད་དུ་འཁོད་པའི་སྙན་ཐོ་དེ་ནི་རྒྱ་ནག་གི་དབང་འོག་ཏུ་ཚུད་པའི་བོད་ཀྱི་དགོན་པའི་སྤྱི་ཚོགས་ཀྱི་གནས་སྟངས་ངོ་མ་རྟོགས་ཐུབ་པའི་སྙན་ཐོ་ཞིག་ཡིན་པ་རེད།
གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་དེས་འདོན་སྤེལ་བྱས་པའི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་དགོན་པའི་ནང་གསང་བའི་ཐོག་ནས་བྱ་ར་བྱེད་མཁན་པར་ཆས་བཙུགས་པ་དང་། ཉེན་རྟོག་ལས་ཁང་བཙུག་པ། ཡང་སེ་རྟོག་ཞིབ་དང་ཞིབ་འཇུག་བྱེད་པ། གང་བྱུང་སྒྲིག་ཁྲིམས་གསར་པ་བཟོ་བ་སོགས་བྱས་ནས་བོད་ཀྱི་དགོན་པ་རྣམས་ཀྱི་ཐོག་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་ལུགས་བཀོད་ཡོད་འདུག
ཡང་སྙན་ཐོ་དེའི་ནང་ཕྱི་ལོ་༡༩༥༩ལོའི་རྗེས་སུ་ ཕྱི་ལོ་༡༩༨༧ལོར་འབྲས་སྤུང་དགོན་པའི་དགེ་འདུན་པ་༢༡ཀྱིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་ཆེ་ཤོས་དེ་བྱས་ཡོད་པ་དང་། དེ་རྗེས་༡༩༨༠ལོ་མཇུག་བར་མུ་མཐུད་ངོ་རྒོལ་གྱི་ལས་འགུལ་བྱུང་བར་བརྟེན་༡༩༨༩ལོར་རྒྱ་ནག་གཞུང་གིས་བོད་ནང་དྲག་པོའི་ཁྲིམས་གཞི་དམ་དགོས་ཆགས་ཡོད་ལུགས་བཀོད་བཞག ཡང་ཕྱི་ལོ་༡༩༩༥ལོར་རྒྱ་ནག་གཞུང་གིས་པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་སོགས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་པའི་རྗེས་བཀྲིས་ལྷུན་པོའི་དགེ་འདུན་པ་ཚོས་ངོ་རྒོལ་བྱས་སྐོར་ཡང་ཞིབ་གསལ་བཀོད་ཡོད་འདུག ཡང་ཉེ་བའི་ཆར་ཕྱི་ལོ་༢༠༠༨ལོར་བོད་ས་ཡོངས་སུ་ཞི་རྒོལ་ཆེན་མོ་བྱུང་བ་དང་། དེ་བཞིན་རྒྱ་ནག་གཞུང་གིས་སྤྲུལ་སྐུ་ངོས་འཛིན་ཞུ་ཕྱོགས་ཀྱི་ཁྲིམས་གཞི་བཟོས་ནས་བོད་མིའི་ཆོས་དང་རིག་གཞུང་ལ་ཧམ་བཤད་ཐེ་ཇུས་བྱས་ཡོད་ལུགས་སོགས་བཀོད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།