ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་དོན་ཆེད་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་རྒྱུ་ཡིན་པ་གསུང་བར་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་དང་དུས་ཀྱི་དགོས་མཁོ་ཆགས་ཡོད་པ་གསུང་བྱུང་།
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་དོན་ཆེད་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་རྒྱུ་མ་ཟད། ནུས་པ་ལྡན་པའི་མི་སྣ་ཞིག་བསྐོ་བཞག་གནང་རྒྱུ་ཡིན་ལུགས་གསུང་ཡོད་པར། བོད་མིའི་སྒྲིག་འཛུགས་ནས་དགའ་བསུ་དང་ཨ་རིའི་འཛིན་སྐྱོང་གསར་པས་སྔར་རྒྱུན་བཞིན། བོད་དོན་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་གསུང་གི་འདུག
དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Antony John Blinken)མཆོག་གིས་བོད་དོན་ཆེད་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་དང་། དུས་ཚོད་རན་མཚམས་ཤིག་ལ་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་བཞག་གནང་རྒྱུ་ཡིན་པར་མ་ཟད། ནུས་པ་ལྡན་པའི་མི་སྣ་ཞིག་བསྐོ་གཞག་གནང་གི་ཡིན་ཞེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཕྱི་ཟླ་༢ཚེས་༢ཉིན་ཡིག་ཐོག་བཀའ་ལན་གནང་བའི་ནང་གསལ་བཤད་གནང་ཡོད་པ་རེད། དེ་ལ་སྤྱི་ཚེས་༤ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ། ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས། བོད་མིའི་སྒྲིག་འཛུགས་ཀྱི་ཚབ་གནང་སྟེ་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཨ་རིའི་སྲིད་འཛིན་ཟུར་པ་(Trump)གཞུང་འཛིན་གྱི་སྐབས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གཏན་འབེབས་གནང་བའི་ནང་། ཨ་རིའི་གཞུང་གིས་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་རྒྱུ་ཡོད་པ་ཙམ་མ་ཟད། ལས་དོན་བྱེད་ཕྱོགས་ལའང་སྔོན་མ་དང་མི་འདྲ་བར་ཁ་གསལ་དུ་བཏང་ཡོད་ཅིང་། ད་ལན་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་དོན་ལ་སྔར་ལྷག་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པར་གསུང་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས། བོད་མདོ་དབུས་ཁམས་གསུམ་གང་སར་ཛ་དྲག་གནས་སྟངས་ཆགས་སྐབས་འདིར། བོད་དོན་འབྲེལ་མཐུད་པ་བསྐོ་བཞག་དང་། བོད་རྒྱའི་དཀའ་རྙོག་སེལ་ཆེད་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན། གྲོས་མོལ་གནང་དགོས་པའི་གནས་ཚུལ་སོགས་བཏོན་པར་དགའ་བསུ་དང་དུས་ཀྱི་དགོས་མཁོ་ཞིག་ཆགས་ཡོད་པ་གསུང་གི་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཉེ་ལམ་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསལ་བཤད་གནང་བའི་ནང་། ཨ་རིའི་གཞུང་གིས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་འབྱུང་རྒྱུར་རྒྱབ་སྐྱོར་ཡོད་པ་གསལ་པོར་གསུངས་ཤིང་། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱ་ནག་གཞུང་གི་ངོས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་༧གོང་ས་མཆོག་གི་༧སྐུ་ཚབ་དང་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་འབྱུང་ཐབས་ལ་འབད་བརྩོན་གནང་རྒྱུ་ཡིན་པ་དང་། དེ་ཡང་ཨ་རིའི་མཐུན་ཕྱོགས་ཡུལ་གྲུ་མཉམ་འབྲེལ་གྱི་ཐོག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་ལས་དོན་དེ་སྤེལ་རྒྱུ་ཡིན་པ་སོགས་གསུངས་ཡོད་པ་རེད།
