ཨ་རིས་ཐེ་ཝན་ལ་གོ་མཚོན་བཙོང་པར་བརྟེན་རྒྱ་ནག་གིས་གོ་མཚོན་བཟོ་གྲྭ་གཉིས་ལ་ཉེས་ཆད་བཀལ་འདུག

ཨ་མི་རི་ཀའི་དྲག་པོའི་གོ་མཚོན་བཟོ་མཁན་གྱི་ཁེ་གཉེར་ལས་ཁང་(Lockheed Martin)་དང་། (Raytheon)་གཉིས་ཀྱིས་ཐེ་ཝན་ལ་གོ་མཚོན་ཚོང་འགྲེམས་བྱས་ཚུལ་གྱིས་རྒྱ་ནག་གཞུང་གིས་འདི་ཚེས་༢༡་རེས་གཟའ་ཟླ་བ་ཉིན་དཔལ་འབྱོར་གྱི་ཉེས་ཆད་བཀལ་ཡོད་པ་དང་། དེའི་ཐད་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Wang Wenbin)་ཡིས། ཨ་མི་རི་ཀའི་གོ་མཚོན་ཚོང་གཉེར་ལས་ཁང་ཁག་གཉིས་ཀྱིས་ཁ་སྔོན་ཕྱི་ཟླ་གཉིས་པའི་ཚེས་༧་ཉིན། ཐེ་ཝན་ལ་མ་གནས་ཨ་སྒོར་ས་ཡ་བརྒྱ་ཐམ་པའི་གོ་མཚོན་ཚོང་བསྒྱུར་བྱས་པ་དེས། རྒྱ་ནག་གི་སྲུང་སྐྱོབ་ཐོག་གནོད་སྐྱོན་དང་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཙམ་མ་ཟད། རྒྱ་ནག་དང་ཐེ་ཝན་གྱི་མཚོ་ཁའི་ཞི་བདེ་དང་བརྟན་ལྷིང་ཐོག་གནོད་ཚབས་བཟོས་པ་རེད་ཅེས་སྐྱོན་བརྗོད་བྱས་ནས། རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་གི་ཐོག་ཉེས་ཆད་འགེལ་རྒྱུའི་ཁྲིམས་ཡིག་གི་འབྲུ་དོན་གཞིར་བཟུང་(Raytheon)་དང་། (Lockheed Martin)་བཟོ་ཚོང་ལས་ཁང་གཉིས་ཀྱི་ཁྲིམས་འགལ་ལས་དོན་དེར་རྒྱ་ནག་གཞུང་གིས་ཡ་ལན་སྤྲད་པ་ཞིག་ཆགས་ཀྱི་ཡོད་པ་དང་། གོང་ཞུས་བཟོ་ཚོང་ལས་ཁང་དེ་གཉིས་རྒྱུན་རིང་ནས་ཨ་མི་རི་ཀས་ཐེ་ཝན་ལ་གོ་མཚོན་ཚོང་འགྲེམས་ཀྱི་ལས་དོན་ནང་ཞུགས་ཡོད་པ་བརྗོད་འདུག ཡིན་ནའང་རྒྱ་ནག་གཞུང་གིས་གོང་ཞུས་ཀྱི་ཨ་མི་རི་ཀའི་དྲག་པོའི་གོ་མཚོན་བཟོ་ཚོང་ལས་ཁང་དེ་གཉིས་ལ་བཀལ་བའི་དཔལ་འབྱོར་གྱི་ཉེས་ཆད་དེའི་ངོ་བོ་ཇི་ཡིན་ཁ་གསལ་མེད་པ་རེད་འདུག
ཕྱི་ལོ་༢༠༡༩་ལོ་དང་ཕྱི་ལོ་༢༠༢༠་ལོར་ཡང་གོང་ཞུས་ཀྱི་ཨ་མི་རི་ཀའི་གོ་མཚོན་ཚོང་གཉེར་ལས་ཁང་དེ་གཉིས་ཀྱིས་ཐེ་ཝན་ལ་གོ་མཚོན་ཚོང་འགྲེམས་བྱས་པར། རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་པ་རེད་འདུག
སྤྱིར་ཨ་མི་རི་ཀའི་གཞུང་གི་ཕྱི་ལོ་༡༩༧༩་ལོའི་ཐེ་ཝན་དང་འབྲེལ་བའི་ཁྲིམས་ཡིག་ནང་། ཐེ་ཝན་སྲུང་སྐྱོབ་ཐུབ་ཐབས་ཆེད་ཨ་མི་རི་ཀས་ཐེ་ཝན་ལ་གོ་མཚོན་མཁོ་འདོན་གནང་དགོས་པ་བཀོད་ཡོད་པ་དང་། དེར་རྒྱ་ནག་གཞུང་གིས་དུས་རྒྱུན་ཁོང་ཁྲོའི་རྣམ་འགྱུར་སྟོན་ཡོད་པ་རེད།

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།