དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་(Xi Jinping)་གྱིས་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་(Chuck Schumer)་གཙོས་གྲོས་ཚོགས་གོང་མའི་འཐུས་མི་དྲུག་ལས་གྲུབ་པའི་ཚོགས་ཆུང་དང་པེ་ཅིང་དུ་མཇལ་འཕྲད་གནང་སྐབས། འཛམ་གླིང་གི་འགྱུར་འགྲོས་དང་རྙོག་འཛིང་ཁག་གདོང་ལེན་བྱེད་པའི་དུས་སྐབས་འདིར། འགྲོ་བ་མིའི་ལས་དབང་དང་མ་འོངས་བའི་མདུན་ལམ་དེ་རྒྱ་ནག་དང་ཨ་མི་རི་ཀའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རག་ལུས་ཡོད་པ་རེད། ངོས་རང་གིས་འཛམ་གླིང་གི་སྲིད་འཛིན་འགའ་ཤས་ལ་ལན་མང་བརྗོད་པ་ལྟར། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཡར་རྒྱས་གཏོང་རྒྱུར་རྒྱུ་མཚན་སྟོང་ཕྲག་ཡོད། རྒྱ་ནག་དང་ཨ་མི་ར་ཀ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཛམ་གླིང་ནང་གི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གལ་ཆེ་ཤོས་དེ་ཆགས་ཡོད་ཅེས་བརྗོད་ཡོད་པ་རེད་འདུག
སྐབས་དེར་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཚོགས་གཙོ་(Chuck Schumer)་ལགས་ཀྱིས་ཡིས། ད་ལྟའི་དུས་རབས་འདི་ཇི་འདྲ་ཞིག་ཡོང་མིན་ང་ཚོའི་རྒྱལ་ཁབ་གཉིས་ལ་རག་ལུས་ཡོད། དེ་འདྲ་སོང་ཙང་ང་ཚོའི་འབྲེལ་བ་དེ་འགན་འཁུར་ལྡན་པ་ཞིག་དང་གུས་བཀུར་ལྡན་པ་ཞིག་གཉེར་གནང་དགོས་ཞེས་ལན་འདེབས་གནང་ཡོད་པ་རེད་འདུག
དེའི་གོང་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམ་པ་དང་མཇལ་འཕྲད་གནང་སྐབས། ཝང་ཡེས་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གནས་བབས་དེ་རྒྱུ་མཚན་ལྡན་པ་ཞིག་གཉེར་དགོས་པའི་སྐོར་ཡང་བརྗོད་ཡོད་པ་དང་། སྐུ་ཞབས་(Schumer)་ཡིས་རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱ་ནག་ནང་གི་ཨ་མི་རི་ཀའི་ཚོང་གཉེར་ལས་ཁང་ཁག་དང་ལས་མི་ཚོར་དྲང་སྙོམས་ལྡན་པའི་ཁོར་ཡུག་ཞིག་བསྐྲུན་དགོས་པའི་སྐོར་དང་། རྒྱ་ནག་གི་ཚོང་གཉེར་ལས་ཁང་ཁག་གིས་ཨ་མི་རི་ཀར་བཏང་བའི་དུག་རྫས་(fentanyl)་ཞེས་པ་དེའི་ཐོག་འགན་འཁུར་ལེན་དགོས་པ། ར་ཤེ་ཡས་བླང་དོར་དང་བྲལ་བའི་ཡུཀ་རེན་གྱི་དམག་འཐབ་དེར་རྒྱབ་སྐྱོར་མི་བྱེད་པའི་ནན་བརྗོད་གནང་ཡོད་འདུག
བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྤྱིར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་འཛམ་གླིང་སྤྱི་ལ་གལ་ཆེན་པོ་ཡིན་ན་ཡང་། རྒྱལ་ཁབ་གཉིས་མཐུན་གྱི་མེད་པའི་རྐྱེན་རྩ་གཙོ་བོ་ནི། རྒྱ་ནག་གི་ཕྱོགས་ནས་མང་གཙོ་མེད་པར་མི་གཅིག་དབང་བསྒྱུར་བེད་སྤྱོད་དང་། འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་གཏོང་བ། རྒྱལ་སྤྱིའི་འགྲོ་སྟངས་སྒྲིག་ཁྲིམས་ལ་བརྩི་འཇོག་མི་བྱེད་པ་བཅས་ལ་བརྟེན་ནས་ཡིན་པས། རྒྱ་ནག་གི་ཕྱོགས་ནས་བྱ་སྤྱོད་དེ་དག་འགྱུར་བ་མ་བཏང་ན་འབྲེལ་ལམ་ཡར་རྒྱས་འགྲོ་ཁག་པོ་ཡིན་པ་དཔྱད་བརྗོད་གནང་བྱུང་།
གཞན་ཨེ་སི་རལ་དང་པ་ལི་སི་ཐན་གྱི་གནད་དོན་ཐད། འདི་ཚེས་༨གཟའ་ཉི་མའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཕྱོགས་གཉིས་ཀས་ཟིང་ཆ་ཆེ་རུ་མི་གཏོང་བར་ལྷིང་འཇགས་བསྐྲུན་དགོས་ཚུལ་བཤད་པར། ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོས་(Hamas)་ཡི་གཏོར་རྒོལ་ཐད་རྒྱ་ནག་གཞུང་གིས་ཉེས་འཛུགས་སྐྱོན་བརྗོད་མ་བྱས་བར་བློ་ཕམ་ཆེན་པོ་ཡོད། དེ་ནི་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་ཞིག་རེད། ངས་རྒྱ་ནག་གཞུང་དམངས་གཉིས་ཀས་ཨེ་སི་རལ་ལ་རྒྱབ་སྐྱོར་གྱིས་གདུག་རྩུབ་ཀྱི་གཏོར་རྒོལ་དེར་ངོ་རྒོལ་དང་ཁ་རྡུང་གཏོང་དགོས་པའི་འབོད་སྐུལ་ཞུ་ཡིན་ཡིན་ཞེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་བཤད་ཡོད་འདུག
(Hamas)་ཡི་གཏོར་རྒོལ་ཁྲོད་ད་བར་ཞི་བའི་མི་སེར་༡༠༠༠ལྷག་གི་ཚེ་སྲོག་ཤོར་ཡོད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།
