བོད་ནང་ཆོས་དད་རང་དབང་གི་གནད་དོན་གསལ་བཏོན་དགོས།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ལ་རྒྱ་ནག་གི་དཔོན་རིགས་ཚོར་བོད་ནང་ཆོས་དད་རང་དབང་གི་གནད་དོན་སྐོར་ཐུགས་འཚབ་ཡོད་པ་བཏོན་རྒྱུའི་འབོད་སྐུལ།

༄༅༎ཨ་རིའི་ཆོས་དད་རང་དབང་ལྷན་ཁང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་རྒྱ་ནག་ནང་འཚམས་གཟིགས་གནང་རིང་རྒྱ་ནག་ནང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐོག་སེམས་འཚབ་ཡོད་པའི་སྐོར་བཏོན་གནང་དགོས་པ་དང་ལྷག་པར་དུ་བོད་ནང་ཆོས་དད་རང་དབང་གི་གནད་དོན་ཧ་ཅང་གི་ཛ་དྲག་ཡོད་པར་ཐུགས་འཚབ་ཡོད་པའི་སྐོར་བཏོན་གནང་རྒྱུའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།

ཨ་རིའི་ཆོས་དད་རང་དབང་ལྷན་ཁང་གིས་གཟའ་པ་སངས་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀི་ལིིན་ཊོན་རྒྱ་ནག་ནང་ཕེབས་པའི་རིང་རྒྱ་ནག་གི་དཔོན་རིགས་ཚོར་བོད་ནང་གི་ཆོས་དད་རང་དབང་གནས་སྟངས་སྐོར་བཏོན་གནང་དགོས་པའི་འབོད་སྐུལ་ཡི་གེའི་ནང་འཁོད་པར་དེང་སྐབས་བོད་ནང་གི་ཆོས་དད་རང་དབང་གནས་སྟངས་དེ་ནི་འདས་པའི་ལོ་ངོ་བཅུ་གྲངས་རིང་སྡུག་ཤོས་སུ་སླེབས་ཡོད་པ་དང་དེར་བརྟེན་ཨ་རིའི་ཆོས་དད་རང་དབང་ལྷན་ཁང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་རྒྱ་ནག་གི་དཔོན་རིགས་དང་མཇལ་མོལ་གནང་བའི་སྐབས་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་རྣམས་ཕྲལ་དུ་མཚམས་འཇོག་དགོས་པ་དང་དེ་ནི་ཕྱི་ལོ་ཉིས་སྟོང་བརྒྱད་དང་ཉིས་སྟོང་དགུ་ལོའི་ནང་ཞི་བའི་ངོ་རྒོལ་སྐད་འབོད་ནང་བཞུགས་ནས་རྐྱེན་འདས་སུ་ཕྱིན་པ་དང་ད་དུང་བཙོན་འཇུག་དང་བཀག་ཉར་བྱེད་བཞིན་པཔའི་དགེ་འདུན་པ་དང་བཙུན་མའི་གྲངས་འབོར་ཞིབ་བཤེར་བྱེད་དགོས་པ།བོད་ནང་རང་དབང་ཐོག་ནས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་དཔར་སྒྲིག་གཤོམ་བྱེད་ཆོག་པའི་ཁྲིམས་ཐོག་གཏན་འབེབས་དགོས་པ།ཞི་བའི་ངོ་རྒོལ་སྐད་འབོད་སོགས་ནང་བཞུགས་ནས་བཙོན་འཇུག་བྱེད་བཞིན་པའི་དགེ་འདུན་པ་དང་བཙུན་མ་ཡོངས་རྫོགས་གློད་བཀྲོལ་དགོས་པ་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་པའི་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་རང་དབང་ལྡན་པའི་ཉམས་ཞིབ་ཚོགས་པ་སོགས་དང་ཐུག་འཕྲད་བྱ་བཅུག་རྒྱུ་སོགས་ཀྱི་སྐོར་བཏོན་གནང་ཡོད་པ་རེད། དེ་མིན་ཨ་རིའི་ཆོས་དད་རང་དབང་ལྷན་ཁང་གིས་རྒྱ་ནག་ནང་གི་ཡེ་ཤུའི་ཆོས་དད་པ་ཚོར་དམ་བསྒྲགས་བྱེད་ཡས་མཚམས་འཇོག་དགོས་པ་དང་ཤིན་ཅང་ནང་ཞི་བའི་ཐོག་ནས་ཆོས་ལུགས་ཀྱི་བྱ་བ་སྤེལ་མཁན་ཚོ་འཛིན་བཟུང་བྱ་རྒྱུ་མཚམས་འཇོག་བྱ་དགོས་པའི་སྐོར་སོགས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་རྒྱ་ནག་གི་དཔོན་རིགས་ཚོར་བཏོན་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།