༄༅༎ཡོ་རོབ་ཀྱི་ཡུལ་གྲུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལྦཀ་ལེལྦ་ཧ་ལྦེལ་མཆོག་གིས་གཟའ་འཁོར་འདིའི་ནང་གཉེར་རྒྱུའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་འོས་བསྡུ་འདི་ནི་ཆབ་སྲིད་ཀྱི་འཁྲབ་སྟོན་ལྟ་བུ་ཆགས་རྒྱུ་ཡིན་པ་གསུངས་འདུག
འོས་བསྡུ་དེའི་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པོ་ཡོད་པའི་ཡུལ་གྲུ་མང་པོ་ཞིག་ལྷན་ཁང་དེའི་ཚོགས་མིའི་ཁོངས་སུ་འོས་ཐོབ་རྒྱུ་ཧ་ལམ་ངེས་པ་ལྟ་བུ་ཡིན་པ་དང་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་ཉིན་རེའི་གསར་ཤོག་ནིའུ་ཡོག་ཀྲའེམ་སེ་གྱི་ནང་སྐུ་ཞབས་ལྦཀ་ལེལྦ་ཧ་ལྦེལ་མཆོག་གི་ཆེད་རྩོམ་ཞིག་བཀོད་སྤེལ་བྱས་པ་དེའི་ནང་གཟའ་མིག་དམར་ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་གསང་བའི་ཐོག་ནས་འོས་བསྡུ་བྱེད་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཡུལ་གྲུ་ཚོས་འོས་མིའི་ཁོངས་སུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མཁན་གྱི་ཡུལ་གྲུ་ཁག་ལ་འོས་མི་འཕེན་པའི་ལངས་ཕྱོགས་ཞིག་བཟུང་དགོས་པའི་བསྐུལ་མ་གནང་འདུག
སྐུ་ཞབས་ཧ་ལྦལ་མཆོག་ནི་དེ་སྔ་ཤར་ཡོ་རོབ་ཀྱི་ཡུལ་གྲུ་ཁག་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་དམར་པོའི་རིང་ལུགས་འོག་ཡོད་སྐབས་ངོ་རྒོལ་ཤུགས་ཆེ་གནང་མཁན་གྲས་ཤིག་ཡིན་ལ་མཁས་དབང་ཞིག་ཀྱང་ཡིན་པ་རེད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གི་ཚོགས་མིའི་གྲངས་བཞི་ཅུ་ཞེ་བདུན་ཡོད་པ་དང་འདི་ལོ་ས་སྟོང་བཅོ་བརྒྱད་ཡོད་པ་དེ་དག་འགེང་རྒྱུར་འོས་བསྡུ་གཉེར་ཁུལ་ཡིན་ན་ཡང་འཛམ་གླིང་གི་གླིང་ཆེན་ཁག་ལྔ་སོ་སོའི་ཐོག་ནས་ཡུལ་གྲུ་གང་ཞིག་ལ་འོས་འཕེན་དགོས་མིན་སྔོན་ཚུད་ནས་མོས་མཐུན་ཐག་གཅོད་ཟིན་ཡོད་པ་རེད། སྐུ་ཞབས་ཧ་ལྦལ་གྱིས་མང་གཙོའི་གདོང་སྦག་གྱོན་སྟེ་འདི་ལྟ་བུའི་འོས་བསྡུ་བྱེད་ཁུལ་བྱེད་པ་འདི་ནི་ཆབ་སྲིད་འཁྲབ་སྟོན་གྱི་བྱ་སྤྱོད་འབའ་ཞིག་ཡིན་པའི་སྐྱོན་བརྗོད་གནང་འདུག ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་འགྲོ་བ་མིའི་ཐོབ་ཐང་ཞན་པོ་ཡོད་སའི་ཡུལ་གྲུ་ཨ་ཛར་སྦའེ་ཇའན་དང་ཀེ་མ་རུན།རྒྱ་ནག།ཀྱུ་སྦ།ར་ཤི་ཡ་དང་སའོ་རྡི་ཨ་རེ་སྦི་ཡ་སོགས་སླེབས་རྒྱུ་ངེས་པ་ཡིན་ཞིང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་གྱི་ཚོགས་པ་རང་དབང་གི་ཁང་པས་རྒྱལ་ཚོགས་ཀྱི་ཚོགས་མི་ཚོས་ཡུལ་གྲུ་དེ་དག་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་སླེབས་རྒྱུར་འགོག་ཐབས་བྱེད་དགོས་པའི་སྐུལ་མ་ཞུས་ཡོད་ལ་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པས་ཀྱང་བྱེད་སྟངས་དེར་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་རེད།
