གཡུང་དྲུང་བོན་གྱི་སྨན་རིའི་ཁྲི་འཛིན། ལུང་རྟོགས་ཟླ་བ་དར་རྒྱས་མཆོག་གི་ལོ་གསར་གསུང་འཕྲིན།

གཡུང་དྲུང་བོན་གྱི་སྨན་རིའི་ཁྲི་འཛིན། ལུང་རྟོགས་ཟླ་བ་དར་རྒྱས་མཆོག་གི་ལོ་གསར་གསུང་འཕྲིན། བོད་ཆུ་སྟག་ལོའི་གནམ་ལོ་གསར་དུ་ཚེས་པ་ལ་ངོས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བརྒྱུད་ནས་འཛམ་གླིང་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་མཛའ་བརྩེ་དང་ལྡན་པའི་ངང་ནས་འཚམས་འདྲི་དང་། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་ནས་ལོ་གསར་པ་འདིའི་ནང་ལ་རྣམ་པ་ལྷན་རྒྱས་ཚང་མ་བྱ་བ་ལམ་འགྲོ་དང་། ནད་མེད་ཚེ་རིང་། བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་འདུན་ཞུ་བ་དང་ཆབས་ཅིག་ཏུ་བོད་རིགས་ཚང་མས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་ལ་སོགས་པ་བདག་གཉེར་བྱ་རྒྱུ་དང་། དེ་ལ་ཞབས་འདེགས་བསྒྲུབ་རྒྱུ་ཚང་མའི་ཐོག་ནས་ལོ་གསར་པ་འདིའི་ནང་བོད་རང་ཉིད་ཀྱི་རིག་གཞུང་དང་། སྐད་ཡིག་སོགས་ལ་ཞབས་འདེགས་བསྒྲུབ་རྒྱུ་ཐུགས་ལ་བཞག་རོགས་གནང་ཞེས་ཞུ་རྒྱུ་དང་། ལྷག་པར་ང་ཚོའི་སྐད་ཡིག་ནི་ང་ཚོ་འཛམ་གླིང་ས་ཕྱོགས་གང་སར་བོད་རིགས་རྣམས་ཁ་འཐོར་ནས་གནས་ཡོད་སྟབས། སྐད་ཡིག་ལ་དོ་སྣང་བྱེད་དགོས་པ་དང་། སྐད་ཡིག་ཉམས་ན་བོད་མི་རིགས་ཞེས་མཛུབ་མོ་འཛུགས་ས་མེད་པས་སྐད་ཡིག་ལ་གལ་ཆེན་པོས་དོ་སྣང་གནང་རོགས་གནང་། དེ་བཞིན་ཕ་མས་བུ་ཕྲུག་རྣམས་ལ་བསླབ་བྱའི་ཐོག་ནས་རང་གི་སྐད་ཡིག་དང་རིག་གཞུང་། ང་ཚོ་ཤ་ཁྲ་རུས་གསུམ་བོད་རིགས་ཡིན་ནའང་དེས་བོད་རིགས་ཡིན་པ་མཚོན་མི་ཐུབ། ང་ཚོའི་མཚོན་དོན་ངོ་མ་ནི་སྐད་ཡིག་ཡིན་པས་སྐད་ཡིག་ལ་དོ་སྣང་བྱེད་རོགས་གནང་ཞེས་འབོད་སྐུལ་ཆེན་པོ་ཞུ་རྒྱུ་ཡིན། དེ་ནི་ང་ཚོ་བོད་མི་རིགས་ལ་ཞབས་འདེགས་དང་། རང་གི་ཕ་མེས་དམ་པའི་བཀའ་དྲིན་རྗེས་དྲན། སྐྱེས་ཆེན་གོང་མ་རྣམས་ཀྱིས་ད་བར་བོད་མི་རིགས་ཀྱི་ལས་དོན་བསྒྲུབས་པའི་བཀའ་དྲིན་རྗེས་དྲན་སོགས་ཀྱི་ཐོག་ནས་བོད་ཀྱི་སྐད་དང་རིག་གཞུང་ལ་ངེས་པར་དོ་སྣང་གནང་རོགས་ཞེས་ཞུ་རྒྱུ་དེ་དང་། རང་རང་གི་འཕྲོད་བསྟེན་དང་། དེ་ཡང་སེམས་ཁམས་འཕྲོད་བསྟེན་དང་། ལུས་ཀྱི་འཕྲོད་བསྟེན་སོགས་གལ་གནད་ཆེན་པོ་ཡིན། སེམས་ཁམས་འཕྲོད་བསྟེན་ནི། རང་གི་སེམས་ནི་ནང་པའི་ཆོས་ནས་གསུངས་པ་ནང་བཞིན། ཐེག་ཆེན་གྱི་སེམས་བསྐྱེད་དེ་འགྲོ་བ་སེམས་ཅན་ཐམས་ཅད་ལ་བསམ་བློ་གཏོང་ཐུབ་པ་དང་། དེ་ལྟར་མ་ཐུབ་རུང་། ཐ་ན་རང་གི་ཉེ་འཁོར་རམ། རང་གི་མི་རིགས་སོགས་ལ་བསམ་བློ་བཏང་ནས་གཞན་ལ་ཕན་མ་ཐོགས་ཀྱང་གནོད་སེམས་མི་སྐྱེལ་བསམ་པའི་བསམ་བློ་དེ་ཡོད་ན། ཆོས་ཀྱི་ཐོག་ནས་བཤད་ན་ཆོས་ཀྱི་དགེ་བར་འགྲོ་བ་དང་། འཇིག་རྟེན་གྱི་སྤྱོད་པའི་ཐོག་ནས་བཤད་ནའང་འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་ཞིག་ཆགས་འགྲོ་བས། གལ་གནད་ཆེ་ཤོས་ནི་སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན་པས། ཚང་མས་སེམས་པ་བཟང་པོ་བྱ་རྒྱུ་དང་། མཐའ་དོན་འཛམ་གླིང་འདིའི་ནང་རླབས་ཆེན་གྱི་སྐྱེས་བུ་འཛམ་གླིང་ཞི་བདེར་ཕན་བདེ་སྐྲུན་མཁན་སུ་དང་གང་དུ་ཡོད་ཀྱང་དེ་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། དེ་དག་གི་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཐ་ཚན་སྨུ་ཙུག་སྨར་རོ།།