ཨ་རིའི་གྲོས་ཚོགས་ཀྱི་འགྱུར་བ་དང་བོད་ཀྱི་གནད་དོན།

༢༠༢༦ ལོའི་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་དང་མངའ་སྡེའི་སྤྱི་ཁྱབ་ཁག་ཅིག་གི་འོས་བསྡུ་མཇུག་བསྒྲིལ་བྱུང་བའི་ཁྲོད་ནས་བོད་དོན་ཐོག་གི་དོ་སྣང་གླེང་བ།

ཨ་རིའི་འོས་འཕེན་པ་ཚོས་འོས་ཤོག་གི་ལམ་ནས་རྒྱལ་ཁབ་ཀྱི་སྲིད་དོན་ཁ་ཕྱོགས་ལ་འགྱུར་བ་བཏང་གི་ཡོད། ཟླ་༡༡ ཚེས་༣ ཉིན་གྱི་ཚོགས་དུས་བར་མའི་འོས་བསྡུའི་ཁྲོད་དམངས་གཙོ་ཚོགས་པར་གྲོས་ཚོགས་གོང་འོག་གཉིས་ཀྱི་མང་མོས་གནས་བབ་ཐོབ་ཡོད་ཅིང་། དེས་སྲིད་འཛིན་ཌོ་ནལ་ཊམཔ་ཡི་ལས་ཡུན་ལྷག་མའི་ལོ་གཉིས་ནང་སྲིད་འཛིན་དང་གྲོས་ཚོགས་ཀྱི་མང་མོས་དབང་ཆ་སྲིད་དོན་ཚོགས་པ་མི་འདྲ་བའི་ལག་ཏུ་སླེབས་པའི་གནས་སྟངས་ཤིག་ལ་འགྱུར་བ་ཕྱིན་ཡོད།

དམངས་གཙོའི་ལམ་ལུགས་ནང་འོས་བསྡུ་ནི་མི་དམངས་ཀྱིས་རང་ཉིད་གནས་ཡུལ་ས་གནས་ནས་འཐུས་མི་འདེམས་པ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས་ལ་ཤུགས་རྐྱེན་སྤྲོད་པའི་གོ་སྐབས་གལ་ཆེན་ཞིག་ཆགས་ཡོད། ཨ་རིའི་ནང་འོས་འཕེན་པ་རེ་རེའི་འདོད་པ་མི་འདྲ་བ་ཡོད་ན་ཡང་འོས་ཤོག་གི་གྲུབ་འབྲས་ཐོག་ནས་གྲོས་ཚོགས་ཀྱི་འཐུས་མི་ཚོས་མི་དམངས་ཀྱི་རེ་འདུན་ལ་འགན་ཁུར་དགོས་པ་དེ་ཡང་མཚོན་གྱི་ཡོད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། ད་རེས་འོས་བསྡུ་འདིའི་གྲུབ་འབྲས་ཡོད་མེད་ལ་མ་བལྟོས་པར། བོད་ཐོག་གི་གནད་དོན་ལ་ལོ་རྗེས་མ་འགྱུར་བ་གང་ཙམ་ཞིག་འགྲོ་རྒྱུ་ཁག་ཅིག་ཡོད་པ་དེ་ནི་ད་ཡོད་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་པེ་ལོ་སི་དང་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་མེཀ་ཀོལ་རྣམ་གཉིས་འོས་བསྡུའི་ནང་མཉམ་ཞུགས་གནང་མེད་དུས་ ༢༠༢༧ ལོའི་གྲོས་ཚོགས་ནང་ཁོང་རྣམ་གཉིས་ནི་མེད་པ་གསལ་པོ་ཆགས་ཡོད། དེ་མིན་གྲོས་ཚོགས་ནང་བོད་པའི་གནད་དོན་ཐོག་སྣེ་ཁྲིད་གནང་མཁན་གཙོ་ཆེ་དམངས་གཙོ་ཚོགས་པའི་སྐུ་ཞབས་ཇིམ་མེཀ་གྷོ་ཝརན་དང་སྤྱི་མཐུན་ཚོགས་པ་ནས་སྐུ་ཞབས་ཁིརིས་སིམིཐ་ལྟ་བུ་ཁོང་རྣམ་གཉིས་ནི་མུ་མཐུད་གྲོས་ཚོགས་ནང་ཡོད་པ་ཞིག་ཆགས་ཡོད། དེ་བཞིན་འགྲོ་བཞིན་པའི་གྲོས་ཚོགས་འདིའི་ནང་ལ་མ་འོངས་པའི་བོད་ཀྱི་གནད་དོན་ཐོག་ལ་ཨ་རི་གཞུང་གིས་ཕྱག་ལས་ཤུགས་ཆེ་བ་གནང་ཐུབ་པའི་སྲིད་ཇུས་སྐོར་དེའི་ནང་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་ཁྲིམས་འཆར་ཞིག་ཡོད་པ་འདི་ད་རེས་གྲོས་ཚོགས་ཀྱི་འོས་བསྡུ་དང་འབྲེལ་བ་ཡོད་པའི་ཐོག་ནས་བཏོན་ཐུབ་མེད་པར་བརྟེན་གྲོས་ཚོགས་གསར་པའི་ནང་ཡོང་རྒྱུ་ཞིག་དང་ང་ཚོས་བཀའ་བསྡུར་ཞུ་བཞིན་ཡོད། དེར་ཤུགས་རྐྱེན་གང་ཡོང་མིན་ཐད་ད་ལྟའི་ཆར་ཁྲིམས་འཆར་འདི་གྲོས་ཚོགས་འོག་མའི་ནང་སྣེ་ཁྲིད་མཁན་གཅིག་ནི་སྐུ་ཞབས་ཡེ་ཀལ་མེཀ་ཀོལ་ཡིན་པས། ཁོང་ལོ་རྗེས་མ་མེད་དུས་ཁོང་གི་ཚབ་ལ་སུ་ཕེབས་ཀྱི་ཡོད་མེད་སོགས་ཁྲིམས་འཆར་དང་འབྲེལ་བའི་གནད་དོན་ཐོག་ལ་ཡང་ང་ཚོས་བསམ་བློ་གསར་པ་ཞིག་གཏོང་དགོས་པ་ཆགས་ཡོད་ཅེས་གསུངས་བྱུང་།

༢༠༢༦ ལོའི་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་དང་མངའ་སྡེའི་སྤྱི་ཁྱབ་ཁག་ཅིག་གི་འོས་བསྡུ་མཇུག་བསྒྲིལ་བྱུང་བའི་ཁྲོད་ནས་བོད་དོན་ཐོག་གི་དོ་སྣང་གླེང་བ།
ཨ་རིའི་གྲོས་ཚོགས་ཀྱི་འགྱུར་བ་དང་བོད་དོན། ༢༠༢༦ ལོའི་ཨ་རིའི་བར་བརྒལ་འོས་བསྡུ། (REUTERS)

ཨ་རིའི་གཞུང་གིས་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ཁག་གི་ཐོག་ཨ་རིའི་གྲོས་ཚོགས་ནང་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀ་ནས་རྒྱབ་སྐྱོར་ཡོད་པ་ཞིག་དང་སྲིད་དོན་ཚོགས་པ་གཉིས་ནང་གི་འཐུས་མི་མང་པོས་བོད་དོན་ལ་དོ་སྣང་དང་། ལྷག་པར་དུ་རྒྱུན་དུ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཞུ་མཁན་ཡོད་པའི་གནས་སྟངས་ཤིག་ཡོད་བཞིན་པ་རེད་འདུག

ཡུ་ཊ་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་བྱང་ཨ་རིའི་སྤྱི་ཟུར་ཕྱག་མཛོད་ཚང་པད་མ་ལགས་ཀྱིས།

ས་གནས་འདིར་སྤྱི་མཐུན་ཚོགས་པའི་མངའ་སྡེ་ཟེར་ཡུ་ཊ་འདི་ཆགས་ཡོད་རུང་། གྲོས་ཚོགས་ཀྱི་འཐུས་མི་དང་མངའ་སྡེའི་སྤྱི་ཁྱབ་སོགས་ཚང་མས་༧རྒྱལ་བ་རིན་པ་ཆེར་གུས་བརྩི་དང་ཡིད་ཆེས། རྒྱབ་སྐྱོར་ཞུ་མཁན་ཞིག་ཆགས་ཡོད། དེར་བརྟེན་ངས་སྤོབས་པའི་ཐོག་ནས་ཞུ་རྒྱུར། མངའ་སྡེ་འདིའི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ཀའི་འཐུས་མིས་བོད་དོན་ལ་རྒྱབ་སྐྱོར་དང་༧རྒྱལ་བ་རིན་པོ་ཆེར་གུས་བརྩི་ཡོད་པ་འདི་བོད་ཕྱི་ནང་གཉིས་ཀྱིས་མཁྱེན་དགོས་རྒྱུ་གལ་ཆེན་ཡིན་པ་གསུངས་བྱུང་།

ཡང་ད་རེས་ཡུ་ཊ་མངའ་སྡེའི་དམངས་གཙོ་ཚོགས་པ་ནས་ཡིན་པའི་སྐུ་ཞབས་བྷན་མེག་ཨེ་ཌམསི་ལགས་གྲོས་ཚོགས་འོག་མའི་འཐུས་མིར་འོས་འདེམས་བྱུང་སྐོར་མུ་མཐུད་གསུངས་པར། བྷན་ན་ནིང་༧གོང་ས་མཆོག་གི་འཁྲུངས་སྐར་ལ་བཞུགས་སྒར་དུ་བཅར་སྐབས་ཚོར་བ་ཆེན་པོ་བྱུང་ནས་གྲོས་ཚོགས་འཐུས་མིའི་འོས་བསྡུར་མཉམ་ཞུགས་གནང་རྒྱུ་དང་། དེ་ཡང་རྒྱུ་མཚན་ནི་བོད་དོན་ལ་མགྲིན་ཚབ་པ་དང་ལས་ཀ་བྱ་རྒྱུའི་གོ་སྐབས་ཤིག་འདུག་ཅེས་བརྗོད་བྱུང་། འདི་ནི་ན་ནིང་གོ་སྟོན་སྐབས་ཐག་གཅོད་བྱས་པ་ཞིག་ཡིན་ཞིང་། སྤྱིར་ཨ་རིའི་མི་དམངས་ཀྱི་ཐོག་ལ་འབད་བརྩོན་གནང་རྒྱུ་ཡིན་ན་ཡང་བོད་དོན་ཐོག་ལ་ཁོང་གིས་དམིགས་བསལ་གྱི་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་གྱི་མི་སྣ་ཞིག་ཆགས་ཡོད་ཅེས་གསུངས་བྱུང་།

༢༠༢༦ ལོའི་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་དང་མངའ་སྡེའི་སྤྱི་ཁྱབ་ཁག་ཅིག་གི་འོས་བསྡུ་མཇུག་བསྒྲིལ་བྱུང་བའི་ཁྲོད་ནས་བོད་དོན་ཐོག་གི་དོ་སྣང་གླེང་བ།
ཨ་རིའི་གྲོས་ཚོགས་ཀྱི་འགྱུར་བ་དང་བོད་དོན། ཨ་རིའི་གྲོས་ཚོགས། (REUTERS)

འོས་བསྡུའི་འགྱུར་བ་འདིའི་ཤུགས་རྐྱེན་ནི་ཨ་རིའི་ནང་སྲིད་ཙམ་མ་ཡིན་པར། ཕྱི་འབྲེལ་དང་། ཕྱི་རྒྱལ་ལ་རོགས་དངུལ་གནང་ཕྱོགས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐོག་ལ་ཡང་གྲོས་ཚོགས་ཀྱིས་འགན་འཁུར་གལ་ཆེན་ཞིག་བཞེས་ཡོད།

ཡང་གནད་དོན་དབྱེ་ཞིབ་པ་འབུམ་རམས་པ་ཚེ་དབང་རིག་འཛིན་ལགས་ཀྱིས་བོད་དོན་ཐོག་ལ་འབྲེལ་བ་རྒྱ་ཆེན་པོའི་ཐོག་ནས་ཞུས་ན། ཨ་རི་དང་རྒྱ་ནག་དབར་ལ་སྟོབས་ཆེན་རྒྱལ་ཁབ་ཀྱི་འགྲན་རྩོད་མུ་མཐུད་འགྲོ་བཞིན་ཡོད་དུས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་མུ་མཐུད་སྔར་ལྟར་གནས་རྒྱུ་མ་ཟད། ད་དུང་ཤུགས་ཆེ་རུ་འགྲོ་རྒྱུའི་རེ་བ་ཡོད། དེའི་ནང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་ཇིམ་མེཀ་གྷོ་ཝརན་ཁོང་ལྟ་བུར་མཚོན་ན། ཁོང་ཡང་བསྐྱར་འོས་འདེམས་བྱུང་ཡོད། ཡང་ལྕམ་ནན་སི་པེ་ལོ་སི་ནང་བཞིན་ཁོང་གི་ཚབ་ཏུ་སུ་ཕེབས་ན་ཡང་ཁག་པོ་རེད། གང་ལྟར་བོད་དོན་ཐོག་ཨ་རིའི་གྲོས་ཚོགས་སུ་ཆབ་སྲིད་ཚོགས་པ་སུ་སླེབས་མིན་ལ་མ་བལྟོས་པར་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེན་པོ་ཞིག་གནང་གི་རེད་ལ། བསམ་བློ་གང་འདྲ་བཏང་ན་ཡང་འདི་གནང་དགོས་པ་ཞིག་ངས་མཐོང་གི་འདུག ཡིན་ནའི་འདིའི་རྒྱབ་ལ་ཤུགས་རྒྱག་རྒྱུ་འདི་ཡང་གལ་ཆེན་པོ་རེད་འདུག་ཅེས་གསུངས་བྱུང་།

ཡང་བོད་དོན་ཐོག་མཚོན་ན། ཨ་རིའི་གྲོས་ཚོགས་ཀྱི་དོ་ཁུར་དེ་ལོ་མང་པོའི་རིང་ཁྲིམས་བཟོ་དང་ཉན་ཞིབ། གཞུང་ལ་ལྟ་སྐུལ་བཅས་བརྒྱུད་པའི་ཕྱག་ལས་ཁག་ནས་མཚོན་ཡོད། དེ་ཡང་བོད་མིའི་ཆོས་དད་རང་དབང་དང་། སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ། བོད་རྒྱའི་གྲོས་མོལ་བཅས་ནི་དེའི་ཁོངས་ཀྱི་གནད་དོན་གཙོ་བོ་ཁག་ཅིག་ཆགས་ཡོད།

༢༠༢༦ ལོའི་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་དང་མངའ་སྡེའི་སྤྱི་ཁྱབ་ཁག་ཅིག་གི་འོས་བསྡུ་མཇུག་བསྒྲིལ་བྱུང་བའི་ཁྲོད་ནས་བོད་དོན་ཐོག་གི་དོ་སྣང་གླེང་བ།
ཨ་རིའི་གྲོས་ཚོགས་ཀྱི་འགྱུར་བ་དང་བོད་དོན། ༢༠༢༦ ལོའི་ཨ་རིའི་བར་བརྒལ་འོས་བསྡུ། (REUTERS)

དེ་བཞིན་གྲོས་ཚོགས་ཀྱི་ཁྲིམས་འཆར་བརྒྱུད་ནས་ཨ་རིའི་ཁྲིམས་དང་སྲིད་བྱུས་ཀྱི་ཆ་ཤས་སུ་གྱུར་ཡོད་པ་དཔེར་ན། ༢༠༠༢ལོའི་ཨ་རིའི་བོད་འབྲེལ་སྲིད་བྱུས་ཀྱི་ཁྲིམས་དང་༢༠༡༨ལོའི་བོད་དུ་སྐྱོད་པའི་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་ཡིག ༢༠༢༠ལོའི་བོད་ཐོག་འཛིན་པའི་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག ༢༠༢༤ལོའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་བྱུང་ཡོད།

མ་འོངས་ལོ་གཉིས་ནང་བོད་དོན་གྱི་ཉན་ཞིབ་ཚོགས་མིན་དང་། འབྲེལ་ཡོད་ལས་གཞིར་མ་དངུལ་གང་འདྲ་བགོ་འགྲེམས་བྱེད་མིན། གཞུང་གིས་ཁྲིམས་སུ་གྱུར་བའི་སྲིད་བྱུས་ལག་བསྟར་སྐོར་ལན་འདེབས་གང་འདྲ་གནང་མིན་བཅས་ལ་བལྟ་རྒྱུ་ཡིན་པ་རེད།

འོས་བསྡུས་མི་དམངས་ལ་དབང་ཆའི་ཁ་ཕྱོགས་འདེམས་པའི་གོ་སྐབས་སྤྲོད་ཀྱི་ཡོད་པ་དང་། ད་ཆ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོའི་མདུན་དུ་ཡོད་པའི་དྲི་བ་ནི་མི་དམངས་ཀྱིས་སྤྲད་པའི་འགན་དབང་དེ་གང་འདྲ་བེད་སྤྱོད་བྱེད་ཀྱི་ཡོད་མེད་དེ་ཆགས་ཡོད་ལ། བོད་དོན་ཐོག་ལ་ཡང་དོ་ཁུར་དང་རྒྱབ་སྐྱོར་དེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་བྱ་སྤྱོད་དུ་གང་འདྲ་འགྱུར་ཐུབ་མིན་ལ་བོད་པ་ཨ་རི་བ་ཚོས་དོ་སྣང་གནང་བཞིན་ཡོད་འདུག

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།