ལ་དྭགས་སུ་གཞོན་སྐྱེས་མི་རབས་ཁྲོད་དཀའ་ངལ་ཅི་ཆེར་འགྲོ་བཞིན་པའི་དུག་རྫས་བཀོལ་སྤྱོད་ཀྱི་ཐད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བླང་དོར་གྱི་བཀའ་སློབ་ལམ་སྟོན་བསྩལ་བ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་དུ་ལ་དྭགས་པའི་གཞོན་སྐྱེས་མང་པོས་མཇལ་ཁ་ཞུས་དུས་སེམས་ཁམས་ཀྱི་དཀའ་ངལ་གཙོ་བོ་བྱེད་ནས་དེང་སང་ལ་དྭགས་ཀྱི་སྤྱི་ཚོགས་ནང་དུག་རྫས་བཀོལ་སྤྱོད་བྱེད་པའི་དཀའ་ངལ་ཐོག་སྙན་སེང་ཞུས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་བསྩལ་བ་དང་། དེ་བཞིན་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་དམིགས་བཀར་བཀའ་ཡིག་ཅིག་བསྩལ་བའི་ནང་དམིགས་བསལ་སེམས་ཁམས་ཀྱི་དཀའ་ངལ་གནད་དོན་དང་མཉམ་དུག་རྫས་བཀོལ་སྤྱོད་བྱེད་པའི་གོམ་གཤིས་ངན་པ་དེ་བཞིན་སྤང་ཐབས་བྱེད་རྒྱུར་སྙིང་སྟོབས་དང་ཆོས་སེམས་བརྟན་པོ་དགོས་པ་རེད་ཅེས་བཀའ་སློབ་ཕེབས་ཡོད་པ་རེད།
སྤྱིར་ལ་དྭགས་ནང་དུག་རྫས་བཀོལ་སྤྱོད་ཀྱི་གནད་དོན་ཐོག་ལ་སེམས་ཁམས་སྨན་པ་པདྨ་དབང་མོ་ལགས་ཀྱིས་ས་གནས་སུ་གནད་དོན་དེ་འབྲེལ་དཀའ་ངལ་ཤུགས་ཆེན་པོ་ཡོད་པ་དང་དེར་གདོང་ལེན་བྱེད་པའི་དུས་ཚོད་གལ་ཆེན་ཞིག་ཏུ་སླེབས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། དེ་ཡང་ཁོང་གིས་གསུངས་དོན་དུ། དུག་རྫས་བཀོལ་སྤྱོད་བྱེད་མཁན་དང་དེའི་རྒྱུད་ནད་པར་གྱུར་མཁན། ཡང་དུག་རྫས་འདྲ་མིན་བེད་སྤྱོད་བྱེད་པ་དང་བྱེད་ལུགས་འདྲ་མིན་དེང་སང་ལ་དྭགས་ནང་ལོ་རེ་བཞིན་ཁྱབ་གདལ་དུ་འགྲོ་ཡི་འདུག དེ་དང་མཉམ་དུག་རྫས་དེ་དག་རིན་གོང་ཆེན་པོ་ཡིན་དུས་ཁྲིམས་འགལ་གྱི་ལས་ཀ་སྟེ་རྐུན་མ་བརྐུས་རྒྱུ་ལ་སོགས་གནས་ཚུལ་མང་པོ་བྱུང་གི་ཡོད་རེད། མ་ཟད་དེ་འདྲའི་དཀའ་ངལ་བརྒྱུད་སློབ་གྲྭ་དང་མཐོ་སློབ་མཐར་མ་ཕྱིན་པའི་གནད་དོན་རེད། ཡང་མོ་ཊོར་བརྡབ་སྐྱོན་ཡང་མང་པོ་བྱུང་གི་འདུག གནས་སྟངས་དེ་འདྲའི་ནང་ང་ཚོ་དཀའ་ངལ་འདི་གསལ་བར་ཐབས་ལམ་གང་འདྲ་ཞིག་ཡོད་ན་བྱེད་དགོས་པའི་དུས་ལ་སླེབས་ཡོད་པ་མཐོང་གི་འདུག འདས་པའི་ལོ་གཅིག་གི་ནང་ལ་མཚོན་ན་ང་ཚོར་དུག་རྫས་བཀོལ་སྤྱོད་བྱེད་ནས་ཕོ་མོ་དབྱེར་མེད་ནད་པ་༡༥༠ ལྷག་བྱུང་སོང་། དེའི་ཁོངས་སུ་སྨན་ཁང་ལ་བསྟེན་གཏུག་མི་བྱེད་པར་ལུས་མཁན་ཇི་ཙམ་ཡོད་རེད། དེ་འབྲེལ་གྱི་བུ་མོ་མང་པོར་སྤྱི་ཚོགས་ནང་མིང་རྗེས་ཀྱི་རྣམ་རྟོག་བྱེད་དེ་སྨན་ཁང་ལ་མི་བསྟེན་མཁན་ཡང་མང་པོ་འདུག དེ་འདྲ་ཡིན་དུས་དུག་རྫས་བཀོལ་སྤྱོད་རྒྱུད་མི་སྒེར་སོ་སོ་གཅིག་པོ་མིན་པར་སྤྱི་ཚོགས་གང་པོར་གནོད་སྐྱོན་ཡོང་གི་འདུག་ཅེས་གསུངས་བྱུང་།

ཁོང་གིས་ད་དུང་མུ་མཐུད། ད་ལྟ་ལ་དྭགས་ནང་ཚོགས་ཀྱིས་གཞོན་སྐྱེས་མང་པོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་བསྩལ་རྒྱུ་འདི་ཡག་པོ་བྱུང་སོང་། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་མཇལ་ཁ་ཞུ་རྒྱུ་དང་ཆོས་ཕྱོགས་ནས་དེ་འདྲའི་ལས་རིམ་བརྒྱུད་གཞོན་སྐྱེས་ནང་དུ་ཏན་ཏན་ཁྱད་པར་བཟོ་ཡི་རེད་བསམ་གྱི་འདུག གཞོན་སྐྱེས་མང་པོ་ཞིག་ལམ་ཁ་བརླག་ཡོད་པ་དང་སེམས་ཁམས་ལ་དཀའ་ངལ་ཕྲད་བཞིན་ཡོད་པ་མང་པོས་སྨན་འདྲ་མིན་བཟའ་བའི་དཀའ་ངལ་ཕྲད་ཀྱི་ཡོད་རེད། དེ་དང་འབྲེལ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་ཚིག་གསུམ་ཡིན་ན་ཡང་ཁོང་ཀུན་ལ་སེམས་ཤུགས་སྐྱེས་རྒྱུར་དང་དུག་རྫས་བཀོལ་སྤྱོད་ནས་ཐག་རིང་པོར་སྡོད་རྒྱུར་ཕན་ཐོགས་འབྱུང་ངེས་རེད་བསམ་གྱི་འདུག་ཅེས་གསུངས་བྱུང་།
ཡང་ལ་དྭགས་པ་ལོ་ན་རྒན་པ་དག་ཀྱང་དེང་སང་གི་གཞོན་སྐྱེས་ཚོའི་བྱེད་སྟང་སྤྱོད་སྟངས་དང་ཁོང་རྣམས་ཀྱི་གནས་སྟང་ལ་སྐྱིད་པོ་མེད་པ་ལ་དྭགས་ཏོག་ཡུལ་ནས་ཡིན་པ་ཚེ་རིང་ནོར་བུ་ལགས་ཀྱིས་གསུངས་བྱུང་ལ། ཁོང་གིས་གཞོན་སྐྱེས་ཚོས་རྩ་བའི་བླ་མ་མཇལ་རྗེས་ཟློག་ཐབས་ཞིག་ཡོད་ན་བསམ་པའི་རེ་བ་ཡོད་པ་གསུངས་བྱུང་།
༧རྒྱལ་བ་རིན་པོ་ཆེ་མཆོག་གི་དུག་རྫས་བཀོལ་སྤྱོད་ལ་འཇུག་རྒྱུ་ནི་ཡག་པོ་མིན་པ་མཇལ་ཁའི་སྐབས་གསུངས་པ་བརྙན་ཐུང་བརྒྱུད་མཇལ་རྒྱུ་ཡོད་པ་དང་༧མགོན་པོ་མཆོག་གི་མཇལ་ཁ་ཐོབ་རྗེས་འཇིགས་མེད་ཀུན་གསལ་ལགས་ཀྱིས་གཞོན་སྐྱེས་ལ་མཇལ་ཁ་བསྩལ་རྒྱུ་དེ་གལ་ཆེན་པོ་ཡིན་པ་གསུང་གི་འདུག
སྤྱིར་བཏང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བ་ཙམ་གྱིས་དཀའ་ངལ་དེ་དག་མེད་པ་ཆག་གི་མེད་ཀྱང་༧གང་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལ་བརྟེན་ནས་གཞོན་ནུ་ཀུན་གྱི་སེམས་དང་རང་བཞིན་གྱི་ཀུན་སློང་བཟང་པོ་ཞིག་སླེབས་ནས་དུག་རྫས་སོགས་ནས་ཐག་རིང་དུ་འགྲོ་ཡི་རེད་བསམ་པའི་བྱིན་རླབས་ཁྱད་པར་ཅན་ཞིག་ཡོད་རེད་བསམ་གྱི་འདུག་ཅེས་དཀོན་མཆོག་རིག་འཛིན་ལགས་ཀྱིས་གསུངས་བྱུང་།
ཡང་འཇིགས་མེད་ཀུན་གསལ་ལགས་ཀྱིས་གསུངས་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་བརྒྱུད་ཁོང་གི་གྲོགས་པོ་མང་པོ་ཞིག་གིས་དུག་རྫས་བཀོལ་སྤྱོད་སྤང་ཡོད་པ་གསུངས་བྱུང་།
དེ་ཡང་ཁོང་གིས་གསུངས་དོན་དུ། ༧གོང་ས་ཡིད་བཞིན་ནོར་བུས་དེ་འདྲ་མ་བྱེད་ཟེར་ནས་བསླབ་བྱ་བསྩལ་འདུག མི་མང་པོ་ལ་ཡང་༧རྒྱལ་བ་རིན་པོ་ཆེ་མཇལ་བ་དང་མཉམ་ཁོང་གི་བཀའ་སློབ་ཉན་ནས་ཉུང་དུ་འགྲོ་འདུག་བསམ་གྱི་འདུག ངའི་གྲོགས་པོ་མང་པོས་ཀྱང་དུག་རྫས་འཐུང་རྒྱུ་སོགས་མཚམས་འཇོག་བྱེད་སོང་། ཁོང་ཚོས་༧རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་སློབ་ལ་ཉན་ནས་བྱུང་པ་རེད། བཀའ་སློབ་ཉན་རྗེས་ཁོང་ཚོས་སྨྱོས་རྫས་སྤང་དགོས་པ་ཚོར་བྱུང་ཟེར་གྱི་འདུག ཁོང་རང་ཚོ་དུག་རྫས་བཀོལ་སྤྱོད་ཉུང་དུ་འགྲོ་འདུག་ལབ་མཁན་ཡང་འདུག་ཅེས་གསུངས་བྱུང་།
ཡང་བསོད་ནམས་ཆོས་འཕེལ་ལགས་ཀྱིས། ༧རྒྱལ་བ་རིན་པོ་ཆེ་མདུན་ལ་མཇལ་རྒྱུ་བྱུང་པ་རང་བསོད་བདེ་ཆེན་པོ་རེད་བསམ་གྱི་འདུག རང་གིས་སྡིག་པ་བསག་ཡོད་ན་བཤགས་པ་ཞུས་རྒྱུ་རེད། ཡང་གཞོན་སྐྱེས་སུ་ཞིག་གིས་དུག་རྫས་བཀོལ་སྤྱོད་བྱེད་ཀྱི་ཡོད་ན་ཕྱིན་ཆད་ངའི་དེ་འདྲ་མི་བྱེད་བསམ་ནས་མཇལ་ཁ་ཞུ་རྒྱུ་དེ་གལ་ཆེན་པོ་མཐོང་གི་འདུག་ཅེས་གསུངས་བྱུང་།
ཡང་ཕོ་མོ་དབྱེ་བ་མེད་པར་ཚང་མས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུངས་པ་བཞིན་གོམས་གཤིས་ངན་པ་དེ་དག་སྤང་དགོས་རེད་གསུངས་དུས་ད་རེས་གཞོན་སྐྱེས་ཚོར་འདི་འདྲའི་མཇལ་ཁའི་གོ་སྐབས་བཟང་པོ་ཐོབ་དུས་ཕོ་མོ་དབྱེར་མེད་སོ་སོས་བསམ་བློ་གཏང་དགོས་རེད་ཅེས་པདྨ་དབང་མོ་ལགས་ཀྱིས་གསུངས་བྱུང་།
ཡང་༧རྒྱལ་བ་རིན་པོ་ཆེ་མཆོག་༧སྐུ་ཚེ་ཞབས་པད་བརྟན་པ་དང་ཞབས་པུས་སྨན་བཅོས་གནང་བ་གང་མྱུར་གསལ་ཐང་ཡོང་ཕྱིར། ལ་དྭགས་སུ་བརྐྱང་ཕྱག་ཆོས་སྐུལ་ཚོགས་པའི་གོ་སྒྲིག་འོག་ཚེས་ ༨ གྱི་ཉིན་མོ་ནས་འགོ་འཛུགས་གིས་ཚེས་བཟང་དུས་བཟང་ཁག་ཏུ་ཕྱག་འཚལ་བའི་ལས་འགུལ་སྤེལ་བཞིན་ཡོད་པ་ཚོགས་པའི་ཚོགས་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་གསུངས་བྱུང་།
དེ་ཡང་ཁོང་གིས་གསུངས་དོན་དུ། ༧རྒྱལ་བ་རིན་པོ་ཆེ་བཞུགས་རིང་ཚེས་བཟང་དུས་བཟང་ཡོངས་ལ་ང་ཚོ་བརྐྱང་ཕྱག་ཆོས་སྐུལ་ཚོགས་པས་སྐྱང་ཕྱག་ཕུལ་རྒྱུའི་འཆར་གཞི་ཡོད། གཙོ་བོ་༧རྒྱལ་བ་རིན་པོ་ཆེ་མཆོག་༧སྐུ་ཚེ་ཞབས་པད་བརྟན་ཕྱིར་དང་། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་རྒྱུན་དུ་བྱམས་སྙིང་རྗེ་ཐོག་བཀའ་སློབ་བསྩལ་བ་དང་མཉམ། གཞོན་སྐྱེས་མང་པོ་ཞིག་གི་སེམས་ཁམས་སྐོར་དཀའ་ངལ་ཞུས་དུས་དེར་ཕྱག་ཕུལ་ནས་ལུས་ངག་ཡིད་གསུམ་གྱི་གྲིབ་མ་དག་རྒྱུ་དང་གཞོན་སྐྱེས་རྣམས་ལ་ང་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་ལ་སྐྱེ་བ་བླང་རྒྱུ་རེད། དྲིན་ཆེན་རྩ་བའི་བླ་མ་འཕགས་པ་སྤྱན་རས་གཟིགས་དངོས་སུ་ལོ་ལྟར་མཇལ་རྒྱུ་ཡོད་པ་དང་ཁོང་གི་བཀའ་བཞིན་འགྲུབ་རྒྱུ། ཡང་ཚང་མ་སྡུག་བསྔལ་ནས་ཐར་ཕྱིར་བདག་འཛིན་པའི་ཀུན་སློང་སྤང་བ་དང་གཞན་ལ་བརྩེ་་བ་བྱ་ཕྱིར་ཕྱག་འཚལ་རྒྱུའི་སྐུལ་མ་བྱེད་ཀྱི་ཡོད་ཅེས་གསུངས་བྱུང་།།
ད་ལོ་ཕྱི་ལོ་ ༢༠༢༦ འདི་བཞིན་ལ་དྭགས་ནང་པའི་ཚོགས་འདུའི་ངོས་ནས་ལ་དྭགས་ཀྱི་སྤྱི་ཚོགས་ནང་གི་གནས་སྟངས་དང་བསྟུན་གཞོན་སྐྱེས་ཀུན་ལ་མཇལ་ཁ་ཐོབ་ཀྱི་ཡོད་པ་གསུངས་བྱུང་།།
