སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་ཞུ་ཆེད་སྤྱན་རས་གཟིགས་ཆོས་ཚོགས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
ཕྱི་ཟླ་ ༡༠ ཚེས་ ༡༤ རེས་གཟའ་ལྷག་པའི་ཉིན་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༧༤ ལོར་ཨོསི་ཊརེ་ལི་ཡར་ཕྱག་བཏབ་པའི་སྤྱན་རས་གཟིགས་ཀྱི་ཆོས་ཚོགས་ནས་དད་ལྡན་པ་ ༡༦༠ ལྷག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་ཞུས་ཏེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། སྐབས་དེར་བརྟན་བཞུགས་ཀྱི་འབུལ་མཚན་དུ་རྗེ་ཙོང་ཁ་ཆེན་པོའི་རྗེ་ཚེ་འཛིན་མའི་སྐུ་ ༡༣༥ ཕུལ་ཏེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༡༣༠ ལྷག་སྐུ་བཞུགས་མཛད་རྒྱུའི་གསོལ་འདེབས་ཞུས་འདུག

དེ་ཡང་སྤྱན་རས་གཟིགས་ཆོས་ཚོགས་ནང་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པ་དགེ་བཤེས་ཕུན་ཚོགས་ཚུལ་ཁྲིམས་ལགས་ཀྱིས། མཇལ་ཁའི་སྐབས་ཁོང་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྗེ་ཙོང་ཁ་པ་ཆེན་པོའི་རྗེ་ཚེ་འཛིན་མའི་སྐུ་ ༡༣༥ ཞིག་འབུལ་རྟེན་དུ་ཕུལ་ཡོད་ཡོད་ཅིང་། དེའི་རྒྱུ་མཚན་ནི་འདས་པའི་ལོ་གཉིས་ལྷག་གི་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༡༣༥ ལྷག་སྐུ་བཞུགས་མཛད་རྒྱུའི་བཀའ་ཡང་སེ་ཕེབས་བཞིན་ཡོད་ཀྱང་། དེར་བོད་པའི་སྤྱི་ཚོགས་ནང་དེ་ཙམ་གྱིས་དོ་སྣང་བྱེད་ཀྱིན་མེད་པའི་རྣམ་པ་ཞིག་ཚོར་ཡོད་པར་བརྟེན། བརྟན་བཞུགས་སྐབས་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་སྣང་དག་མེད་ཅེས་བཀའ་སྩལ་མཛད་ཡོད་པ་གསུང་གི་འདུག
ཨོསི་ཊརེ་ལི་ཡར་རྟེན་གཞི་བྱས་པའི་སྤྱན་རས་གཟིགས་ཆོས་ཚོགས་ནས་ཡིན་པ་ཨེ་རིན་ལི་ (Erinlee) ལགས་ཀྱིས། ༧གོང་ས་མཆོག་གི་གམ་དུ་བསླེབས་པ་དང་ངས་དུས་ཚོད་གང་བོར་ཁོང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་རྒྱག་བཞིན་ཡོད་པ་ཚོར་བྱུང་། ཞི་བདེ་ལྡན་པའི་ཚོར་བ་བྱུང་ལ། ཁོང་མཇལ་ཁར་བཅར་མཁན་གྱི་མི་རེ་རེས་༧གོང་ས་མཆོག་གི་བྱམས་སྙིང་རྗེའི་བདག་ཉིད་ཀྱི་ཡོན་ཏན་དེ་བླངས་ཏེ། འཛམ་གླིང་ནང་ཁྱབ་སྤེལ་གཏོང་དགོས་པ་ནི་ད་ལྟའི་དུས་སུ་འཛམ་གླིང་ལ་མཁོ་བའི་གནད་དོན་གལ་ཆེན་ཞིག་རེད་ཅེས་གསུང་གི་འདུག
བརྟན་བཞུགས་བསྟར་འབུལ་ཆེད་དུ་བཞུགས་སྒར་དུ་བཅར་བའི་སྤྱན་རས་གཟིགས་ཆོས་ཚོགས་ཀྱི་དད་ལྡན་པ་ ༡༦༠ རྣམས་ནི། ཕལ་ཆེ་བ་ཨོསི་ཊརེ་ལི་ཡ་དང་ཡོ་རོབ། ཨ་རི། སིངྒ་པུར། ཐའི་ལེནཌ། མ་ལེ་ཤི་ཡ་བཅས་ནས་བཅར་འདུག་ལ། དགེ་བཤེས་ཕུན་ཚོགས་ཚུལ་ཁྲིམས་ལགས་ཀྱིས་གསུངས་ན། དུས་རྒྱུན་ཁོང་གིས་སློབ་འཁྲིད་གནང་སྐབས་སུ་མི་ཚེའི་ནང་༧གོང་ས་མཆོག་ཐེངས་གཅིག་མཇལ་རྒྱུ་དང་བྱིན་རླབས་ཞུ་རྒྱུ་བྱུང་ཚེ། དེ་ནི་ཁོང་གིས་འཛིན་གྲྭ་ཐེངས་བརྒྱ་ཚོགས་པ་ལས་བྱིན་རླབས་ཆེ་བ་ཡོད་ཅེས་ཡང་ཡང་གསུང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཡང་ཕྱི་ལོ་ ༡༩༨༠ དང་ ༩༠ ནང་གློག་བརྙན་བརྒྱ་ལྷག་འཁྲབ་ཟིན་པའི་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་དྷན་དྷ་ནོ་འ་ (Dan Dhanoa) ལགས་དང་ཁོང་གི་བཟའ་ཟླ་བརྙན་འཕྲིན་འཁྲབ་སྟོན་པ་དང་ཀ་ཐག་སྒྱུ་རྩལ་བ་ (Nandita Puri) ལགས་ཀྱིས་༧གོང་ས་མཆོག་གི་མཇལ་ཁ་ཐོག་མ་དེ་ཞུས་སོང་།
སྐབས་དེར་དྷན་དྷ་ནོ་འ་ལགས་ཀྱིས། “ང་ཚོས་དུས་ཡུན་རིང་པོ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འདོད་ཡོད་པས་ཐེངས་འདིར་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་། ༧གོང་ས་མཆོག་གི་ཞལ་རས་དང་འཛུམས་མདངས་ནི་ཡིད་དུ་འོང་བ་ཞིག་འདུག་ལ། ངས་མ་འོངས་མུ་མཐུད་མཇལ་ཁ་ཞུ་ཐུབ་པའི་རེ་བ་བྱེད་བཞིན་ཡོད།” ཅེས་དང་། ཁོང་གི་བཟའ་ཟླ་ (Nandita Puri) ལགས་ཀྱིས། “ངས་ལོ་མང་པོའི་གོང་ནས་༧གོང་ས་མཆོག་གི་བྱམས་སྙིང་རྗེ་དང་ཞི་བདེ་སོགས་དང་འབྲེལ་བའི་ཕྱག་དེབ་དེ་དག་ཀློག་གི་ཡོད་པས། ཐེངས་འདིར་དངོས་སུ་མཇལ་བ་དང་ཧ་ཅང་ཉེ་འགྲམ་ནས་མཇལ་དུས་ཚོར་བ་ཧ་ཅང་གྱི་བརྗོད་མི་ཐུབ་པ་ཞིག་བྱུང་། ངས་མཇལ་ཁའི་སྐབས་༧གོང་ས་མཆོག་སྐུའི་འཕྲོད་བཞེས་གང་ལེགས་དང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་བཏབ་པ་ཡིན།” ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གློག་བརྙན་འཁྲབ་སྟོན་པ་ (Dan Dhanoa) ལགས་ལ་མཚོན་ན་ཁོང་གིས་རྒྱ་གར་གློག་བརྙན་འཁྲབ་པ་ཕལ་ཆེ་བའི་ནང་ཁ་གཏད་པ་འཁྲབ་འདུག་ལ། དེ་ཡང་ཁོང་གི་གློག་བརྙན་གྲགས་ཆེ་བ་ཁ་ཤས་ནི། (Mard) དང་། (Karma)། (Tridev)། (Sanam Bewafa) སོགས་ཡིན་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
