རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལག་བསྟར་བྱེད་པའི་དུས་འདིར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་ནང་གི་གཞི་རིམ་སློབ་གྲྭ་ཁག་ཏུ་སྐད་ཡིག་དང་ངོ་བོ་གཅེས་འཛིན་ཐོག་ཤུགས་གནོན་བསྐྱོན་བཞིན་པ།
ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་རྒྱུ་དང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་གདོང་ལེན་གྱི་ཆེད་བོད་པའི་ཆོས་དང་། རིག་གཞུང་། སྐད་ཡིག་གཅེས་འཛིན་གནང་རྒྱུར་སྐུལ་འདེད་འབད་བརྩོན་གནང་བཞིན་ཡོད་སྐོར་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་བོད་པའི་སློབ་གྲྭ་ཁག་ཏུ་འཚམས་གཟིགས་གནང་སྐབས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཤེས་ཡོན་སྲིད་བྱུས་མཇུག་སྐྱོང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༠༤ ལོར་གཏན་འབེབས་གནང་པའི་ཤེས་ཡོན་སྲིད་བྱུས་དེ་བཞིན་ཕྱག་བསྟར་གནང་སྟེ་ལོ་ངོ་ ༢༠ ལྷག་འགྲོ་མུས་ཡིན་ཡང་སྐབས་ ༡༧ བཀའ་ཤག་གིས་ཤེས་ཡོན་སྲིད་བྱུས་འཐུས་ཚང་ཕྱག་བསྟར་ཡོང་ཆེད་དགེ་རྒན་རྣམ་པར་རྩ་འཛིན་ལམ་སྟོན་གྱི་འཁྲིད་དེབ་གཏན་འབེབས་གནང་རྒྱུའི་ལས་རིམ་འགྲོ་བཞིན་ཡོད་པ་རེད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལག་བསྟར་བྱེད་བཞིན་པ་དེར་གདོང་ལེན་གྱི་ཆེད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བཀའ་སློབ་ལམ་སྟོན་ལྟར་ཟླ་བ་སྔོན་མའི་ནང་བོད་མིའི་སྤྱི་སྒེར་ཚང་མས་བོད་པའི་རིག་གཞུང་དང་སྐད་ཡིག་གཅེས་འཛིན་བྱ་རྒྱུར་འགན་འཁུར་ཞུ་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་ཞིག་སྟོན་གནང་ཡོད་པ་རེད།
དེང་སྐབས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་བོད་ནས་ཕེབས་མཁན་མེད་པ་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཕྲུ་གུ་གསར་སྐྱེས་ཉུང་བ། རྒྱ་གར་དང་བལ་ཡུལ་སོགས་ནས་བོད་མི་མང་པོ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གཞིས་སྤོས་བྱེད་བཞིན་པ་བཅས་ཀྱི་རྐྱེན་པས་བོད་པའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཉུང་བའི་དཀའ་ངལ་འཕྲད་བཞིན་པ་དེར་གདོང་ལེན་བྱ་ཆེད་བོད་པའི་སློབ་གྲྭ་ཁག་གི་འཛིན་སྐྱོང་སྡེ་ཁག་ནང་ཁུལ་བཀའ་བསྡུར་གྱིས་རིམ་པའི་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་རྒྱུའི་དགོངས་བཞེས་གནང་བཞིན་པའི་སྐོར་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

‘སློབ་གྲྭ་ཁག་ཏུ་ཕྱི་ནང་གི་མཐུན་རྐྱེན་བཟང་དུ་ཕྱིན་འདུག’
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་ལགས་ད་རེས་རྒྱ་གར་ལྷོ་ཕྱོགས་བོད་མིའི་སློབ་གྲྭ་ཁག་གི་གནས་སྟངས་རྒྱུས་ལོན་གནང་སྐབས་སློབ་གྲྭ་ཁག་གི་ནང་ཕྱིའི་མཐུན་རྐྱེན་དེ་སྔ་དང་མི་འདྲ་བ་བཟང་པོ་ཡོད་པ་དང་ཕྱོགས་མཚུངས། སློབ་གྲྭ་ཁག་གི་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་པ་དེས་སློབ་ཕྲུག་ཚོའི་བོད་ཡིག་ཀློག་སྩལ་དང་སློབ་ཕྲུག་ཚོའི་གདེང་སྤོབས་སོགས་སྔར་དང་མི་འདྲ་བའི་ཡར་རྒྱས་ཀྱི་རྣམ་པ་ཡོད་པའི་གཟིགས་ཚུལ་བྱུང་ཞེས་གསུང་གནང་བྱུང་།།
རྒྱ་གར་དང་བལ་ཡུལ་གྱི་སློབ་གྲྭའི་གནས་སྟངས།
ད་ལྟའི་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་སམ་བྷོ་ཊའི་འཛིན་སྐྱོང་ཁྱབ་ཁོངས་བོད་པའི་སློབ་གྲྭ་ཁག་ ༣༤ དང་བོད་ཁྱིམ་ཁོངས་སུ་སློབ་གྲྭ་ ༡༤ ། བལ་ཡུལ་གངས་ཅན་བདེ་རྩའི་ཁོངས་སློབ་ཁག་ ༧ དང་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ ༤ བཅས་ཁྱོན་བསྡོམས་བཙན་བྱོལ་ནང་དུ་བོད་པའི་སློབ་གྲྭ་ཁག་ ༦༠ ཡོད་པ་ནས་ཌལ་ཧོར་སློབ་གྲྭ་དེ་སྒོ་བརྒྱབ་སྟེ་ད་ལྟའི་ཆར་བོད་པའི་སློབ་གྲྭ་ཁག་ ༥༩ ཡོད་པའི་ནང་ཁྱོན་བསྡོམས་སློབ་ཕྲུག་གྲྭ་ ༡༣༡༨༣ (ཆིག་ཁྲི་སུམ་སྟོང་བརྒྱ་དང་བརྒྱད་ཅུ་གྱ་གསུམ་) ཡོད་པ་རེད། ཕྱི་ལོ་ ༢༠༢༢ ཤེས་རིག་གི་གྲངས་ཐོའི་ནང་སློབ་གྲྭ་ཁག་དེ་དག་གི་སློབ་ཕྲུག་གྲངས་ ༡༦༠༧༧ ཡོད་པ་ལྟར་ན་སུམ་སྟོང་ཙམ་ཉུང་དུ་ཕྱིན་འདུག
བརྙན་པར་སྒྲིག་སྦྱོར་བ། པདྨ་དངོས་གྲུབ།
