སྲིད་སྐྱོང་མཆོག་གིས་ Forum 2000 ཞེས་ཞི་བདེའི་གླེང་སྟེགས་ཀྱི་འགན་འཛིན་དང་ལྷན་རྒྱ་ནག་གིས་བོད་ནང་དྲག་གནོན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་ཁྲིམས། རྒྱལ་མཚམས་བརྒལ་བའི་དྲག་གནོན། ཨ་རི་དང་བོད་ཀྱི་འབྲེལ་བ་བཅས་ཀྱི་ཐོག་ལ་གླེང་མོལ་གནང་ཕྱིར་མཇལ་ཕྲད་གནང་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡུ་རོབ་ཀྱི་ (Czech Republic) ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པརཱག་ (Prague) ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ་ལྟར། སྲིད་སྐྱོང་མཆོག་གིས་ཁུལ་དེར་འཚོགས་པའི་ Forum 2000 ཞེས་པའི་ཞི་བདེའི་གླེང་སྟེགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་མཉམ་ཞུགས་གནང་འདུག་ལ། (When faith Becomes Political: Defending freedom in the age of authoritarianism) ཞེས་ཆོས་དད་ཆབ་སྲིད་ལ་གྱུར་དུས། དབང་འཛིན་རིང་ལུགས་ཀྱི་དུས་རབས་ནང་རང་དབང་སྲུང་སྐྱོབ་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག
རྩ་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཟླ་ ༡༠ ཚེས་ ༨ ནས་ ༡༧ བར་ཡུ་རོབ་གྱི་ཡུལ་ལུང་ཁོངས་སུ་སུད་སི་དང་། ཅེག་སྤྱི་མཐུན་རྒྱལ་ཁབ། ཇར་མ་ནི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་དང་། ཕྱི་ཚེས་ ༡༢ ཉིན་པརཱག་ཏུ་འཚོགས་བཞིན་པའི་ Czech ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ Vaclav Havel མཆོག་གིས་ཆེད་འཛུགས་གནང་བའི་ (Forum 2000) ཕྱི་ལོ་ ༢༠༠༠ ཞི་བདེའི་གླེང་སྟེགས་ཞེས་པའི་རྒྱལ་སྤྱིའི་སྙིང་སྟོབས་དང་འགན་འཁུར་གྱི་གཟེངས་རྟགས་དེ་སྦར་མའི་སྤྱི་ཁྱབ་ལས་འགུལ་མཉམ་འབྲེལ་ཚོགས་པ་དང་ཡུལ་དེའི་གཞོན་སྐྱེས་ལས་འགུལ་གྱི་འགོ་ཁྲིད་ཊེ་ཛར་སན་ (Tayzar San) དང་། ནན་ལིན་ (Nan Lin) དང་། ཧྥེ་ཏེཏ་མྱ་ཨོང་ (Htet Myat Aung) བཅས་ལ་གནང་འདུག གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལྷན་ཞུགས་ཀྱིས་གཟེངས་རྟགས་ཐོབ་མཁན་ཚོར་འཚམས་འདྲི་གནང་འདུག

གླེང་སྟེགས་ཀྱི་སྐོར།
གླེང་སྟེགས་འདིའི་ཐོག་ལོ་ལྟར་འཛམ་གླིང་ཁྱོན་ཡོངས་ནས་ཆབ་སྲིད་དང་ཤེས་ཡོན། ཚོང་ལས་བཅས་ཀྱི་ལས་རིགས་འདྲ་མིན་གྱི་དབུ་ཁྲིད་གྲགས་ཅན་འདུ་འཛོམས་གནང་སྟེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། ལྷག་དོན་མང་གཙོ་གོང་འཕེལ་གཏོང་སླད་གོ་རྟོག་གོང་སྤེལ་གཏོང་བའི་གལ་གནད་བཅས་ཀྱི་སྐོར་ལ་བཀའ་བསྡུར་ལྷུག་པོ་གནང་གི་ཡོད་པ་དང་། དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་གླེང་སྟེགས་དེའི་ཐོག་དབུ་ཞུགས་ཀྱིས་བཀའ་སློབ་ལམ་སྟོན་བསྩལ་གནང་མཛད་མྱོང་ཡོད་པ་ཙམ་མ་ཟད། ཐེངས་འདིའི་གླེང་སྟེགས་ཉིས་སྟོང་ཐམ་པའི་བརྗོད་གཞི་ནི་ Reimagining the Power of the Powerless འམ་དབང་ཆ་མེད་པ་ཚོའི་སྟོབས་ཤུགས་ལ་ཡང་བསྐྱར་བསམ་གཞིགས་བྱེད་པ་ཞེས་རྒྱས་བཅད་གནང་ཡོད་པ་རེད།
འདི་ལོའི་གླེང་སྟེགས་ཀྱི་ཚོགས་ཆེན་ནི་ཚོགས་འདུའི་རིམ་པ་ཐེངས་ ༣༠ པ་དང་མཉམ། ཁྱད་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཧ་ཅང་ཉེ་བའི་ Czech སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་ Vaclav Havel མཆོག་གི་འཁྲུངས་སྐར་ ༩༠ པར་རྗེས་དྲན་ཞུ་བའི་དུས་ཚིགས་དམིགས་བསལ་ཞིག་ཀྱང་སྟབས་འཁེལ་བྱུང་ཡོད་པ་རེད།
ད་རེས་ཀྱི་ཚོགས་འདུ་འདི་བཞིན་དམངས་གཙོའི་ལམ་ལུགས་ལ་ཕྱི་ཕྱོགས་ནས་དབང་འཛིན་པ་དང་ནང་ཁུལ་གྱི་ཞན་ཆའི་ཤུགས་རྐྱེན་འཕྲད་བཞིན་ཡོད་པའི་དུས་སྐབས་འདིར། གླེང་སྟེགས་ ༢༠༠༠ འདིས་འཛམ་གླིང་ནང་དམངས་གཙོའི་ལམ་ལུགས་འཛུགས་སྐྲུན་བྱེད་པའི་དངོས་དོན་གྱི་ཐབས་ལམ་དང་འབད་བརྩོན་བྱེད་པ་ཞིག་ཡིན་པ་གོ་སྒྲིག་ཚོགས་ཆུང་གིས་ཆེད་བརྗོད་གནང་གི་ཡོད་པ་རེད།།
