“བློ་ཁོག་ཆེ་ཙམ་དང་བསམ་བློ་རྒྱ་ཆེ་ཙམ་གཏོང་དགོས།” ཞེས་གློག་བརྙན་བཟོ་མཁན་བོད་པའི་བེུད་གཞོན་སྐྱེས་ཤིག་གིས་གསུངས་པ།
“ང་སྔོན་མ་ཆུང་དུས་ནས་རི་མོ་འབྲི་རྒྱུ་སོགས་ལ་དགའ་པོ་ཡོད། ཆུང་དུས་ངའི་པཱ་ལགས་ཡང་ཕལ་ཆེར་རི་མོ་འབྲི་རྒྱུར་དགའ་པོ་ཡོད་པ་ཤེས་ཀྱི་ཡོད། ངས་རི་མོ་བྲིས་པ་ཐོག་མ་དེ་ནི། ཨང་གྲངས་ ༢ དེ་ངང་པ་ནང་བཞིན་བྲིས་རྒྱུ་དེ་རེད།” ཅེས་བོད་པའི་བུད་མེད་གློག་བརྙན་བཟོ་སྐྲུན་པ་ཀུན་བཟང་སྐྱིང་གྲོང་ལགས་ཀྱིས་གློག་བརྙན་བཟོ་སྐྲུན་གྱི་མི་ཚེའི་བརྒྱུད་རིམ་སྐོར་ངོ་སྤྲོད་གནང་སྐབས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡར་ཀླུངས་། གློག་བརྙན་དང་པོ།
ཁེ་ན་ཌའི་ཊོ་རོན་ཊོ་གློག་བརྙན་དུས་སྟོན་ (Toronto International Film Festival) ནང་བདམས་ཐོན་བྱུང་བའི་ (100 Sunset ) ཞེས་པ་བཟོ་སྐྲུན་གནང་མཁན། ཁེ་ན་ཌར་གནས་སྡོད་བོད་ཀྱི་བུད་མེད་གློག་བརྙན་བཟོ་སྐྲུན་པ་ཀུན་བཟང་སྐྱིད་གྲོང་ལགས་ཀྱི་རི་མོ་བྲིས་སྐབས་ཀྱི་རྒྱུ་ཆ་དགའ་ཤོས་སོལ་བ་རེད་འདུག་པ་དང་། ཁོང་གི་དུས་ཐུང་གློག་བརྙན་དང་ཤོས་ཡར་ཀླུངས་ཞེས་པ་དེ་སོལ་བ་བེད་སྤྱོད་གནང་སྟེ་བཟོས་པ་ཞིག་ཆགས་ཀྱི་འདུག
སོལ་བས་རི་མོ་བྲིས་ཏེ་འགུལ་རིས་གློག་བརྙན་བཟོས་པ།
ཀུན་བཟང་སྐྱིད་གྲོང་་ལགས་ཀྱིས་མུ་མཐུད་གསུངས་དོན་དུ། “ངས་རི་མོ་བྲིས་པའི་རྒྱུ་ཆ་དགའ་ཤོས་ནི་སོལ་བའམ་(ཀོ་ལ་)རེད། སོལ་བ་ནི་སོབ་པ་དང་འཇམ་པའི་རང་བཞིན་ཡིན་དུས་ཚོར་བ་དངོས་དང་བསམ་ཤེས་ཐུབ་པ་ཡོང་གི་འདུག ངའི་དུས་ཐུང་གློག་བརྙན་དང་ཤོས་སྐར་མ་ལྔ་ཅན་ཡར་ཀླུངས་ཞེས་པ་དེ་ཡང་། སོལ་བ་བེད་སྤྱད་དེ་བཟོས་པ་ཞིག་ཡིན། དེ་ཡང་རི་མོ་བྲིས། བསུབས། པར་རྒྱག (ཡར་ཀླུངས་གི་འགུལ་རིས་གློག་བརྙན་གྱི་བརྒྱུད་རིམ།) ཡར་ཀླུངས་རྗེས་ལ་ངའི་མདུན་ལམ་ཁ་གསལ་དུ་ཕྱིན་སོང་།” ཞེས་གསུངས་བྱུང་།
ཀུན་བཟང་སྐྱིད་གྲོང་ལགས་ཀྱིས་བཟོ་སྐྲུན་གནང་བའི་གློག་བརྙན་ 100 Sunset ཞེས་པ་དེ་ཕྱི་ལོ་ ༢༠༢༥ ལོའི་ཊོ་རོན་ཊོ་གློག་བརྙན་དུས་སྟོན་ (Toronto International Film Festival) ནང་བདམས་ཐོན་བྱུང་ཡོད་པ་རེད། ཁོང་གིས་གསུངས་ན། (TIFF) གློག་བརྙན་དུས་སྟོན་དེའི་ནང་ཚོད་ལྟ་ (Experimental) དང་གཏམ་རྒྱུད་ (Narrative) གཉིས་ཀ་ཚུད་ཐབས་བྱེད་ཀྱི་ཡོད་དུས། “ངའི་ལས་ཀར་ཡག་པོ་མཐོང་སྟེ་བདམས་པ་དེར་བཀའ་དྲིན་ཆེན་པོ་ཚོར་གྱི་འདུག་”ཅེས་གསུང་གི་འདུག

བུ་མོ་གཉིས་ཀྱི་སྒྲུང་།
(100 Sunset ) ཞེས་པའི་གློག་བརྙན་དེ་ནི་ཁེ་ན་ཌ་ཊོ་རོན་ཊོའི་ (Parkdale) ས་གནས་སུ་གནས་སྡོད་བྱེད་པའི་བོད་རིགས་བུ་མོ་ཞིག་གིས། ས་གནས་དེར་གསར་དུ་གནས་སྤོ་བྱས་པའི་བོད་རིགས་བུ་མོ་གཞན་ཞིག་དང་ཐུག་འཕྲད་བྱུང་ནས་གྲོགས་པོ་ཆགས་ཤིང་། ཁོང་གཉིས་ཀྱིས་བོད་པའི་སྤྱི་ཚོགས་ནང་བཙན་གྱིས་བཀལ་བའི་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་རེ་བ་ལས་ཐར་ཐབས་བྱེད་བཞིན་པའི་སྒྲུང་ཞིག་རེད་འདུག་ལ། གློག་བརྙན་དེ་དེ་སྔ་ (DIFF) ཞེས་རྡ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༤ པའི་ཐོག་རྡ་སར་གཟིགས་འབུལ་ཡང་ཞུས་ཡོད་པ་རེད།
ཕྱི་ལོ་ ༢༠༢༠ ལོར་ཁོང་གིས་བཟོ་སྐྲུན་གནང་བའི་འགུལ་རིས་གློག་བརྙན་ཐུང་ངུ་ཡར་ཀླུངས་ཞེས་པ་དེ་བྱང་ཨ་མི་རི་ཀའི་འགུལ་རིས་གློག་བརྙན་དུས་སྟོན་ཆེ་གྲས་ཨོ་ཊ་ཝའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(Ottawa International Animation Festival ) དུ་བདམས་ཐོན་བྱུང་ཡོད་པ་རེད། ཡར་ཀླུངས་ཞེས་པའི་འགུལ་རིས་གློག་བརྙན་དེ་ནི་བུ་སྤུན་གསུམ་དང་ཡར་ཀླུངས་གཙང་པོའི་དབར་གྱི་འབྲེལ་བ་དང་ཁོང་རྣམ་པས་སྤྱི་ཚོགས་དང་ཁོར་ཡུག་ཐད་མཐོང་ཕྱོགས་སོགས་ལ་གཞིར་བཞག་པའི་སྐར་མ་ལྔ་ཅན་གྱི་གློག་བརྙན་ཞིག་ཡིན་འདུག
ཀུན་བཟང་ལགས་ཀྱིས་གསུངས་དོན་དུ། “ཡར་ཀླུངས་གཙང་པོ་དེ་བོད་ནས་རྒྱ་གར་དུ་རྒྱུག་པ་ཞིག་ཡིན་དུས། ཐོག་མ་ངས་རྒྱ་ནག་གིས་བོད་ནང་འཛུགས་སྐྲུན་བྱེད་བཞིན་པའི་ཆུ་མཛོད་སྐོར་འབྲི་དགོས་བསམ་ཡང་། ཕྱིས་སུ་བསམ་བློ་ཞིབ་མོར་བཏང་དུས། ཨ་མ་ལགས་རྒྱ་གར་བྱང་ཤར་ཁུལ་དུ་ཆགས་པའི་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གི་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། ཆུང་དུས་སྐབས་དབྱར་དུས་ཕལ་མོ་ཆེ་ཏི་ཛུར་བསྐྱོད་དེ། ཉེ་འགྲམ་གྱི་ཡར་ཀླུངས་གཙང་པོ་དང་ལོ་དྷི་གཙང་པོ་གཉིས་མཐུད་སའི་ཟམ་པ་དེའི་ཐོག་རྩེད་མོ་དང་། གཙང་པོའི་འགྲམ་དུ་ཉིན་རེར་ཐེངས་བཞི་ཙམ་ཕྱིན་ནས་རྩེད་མོ་རྩེད་པ་དང་འཁྲུས་རྒྱག་པ་སོགས་བྱེད་ཀྱི་ཡོད་སྟབས། གཙང་པོ་དེ་མིའི་རིགས་ཀྱི་འཚོ་བའི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་ཤེས་ཏེ་
རྒྱུག་ཆུ་དེའི་ཉེ་འཁོར་དུ་འཚོ་སྡོད་བྱེད་མཁན་རྣམས་ཀྱི་མི་ཚེའི་སྐོར་འབྲི་འདོད་བྱུང་།” ཞེས་གསུང་གི་འདུག
“གློག་བརྙན་ཞིག་བཟོ་བར་ཡིན་གཅིག་འགྲོ་སོང་ཆེན་པོ་དེ་འདྲ་བཏང་མི་དགོས།”
ཀུན་བཟང་ལགས་ཀྱིས་ཁོང་ལྟ་བུ་ཁེ་ན་ཌར་འཚར་ལོངས་བྱུང་བའི་རྐྱེན་གྱིས་གློག་བརྙན་འདོན་སྤེལ་དང་རང་ཉིད་ཀྱི་སྒྱུ་རྩལ་ཕྱིར་སྟོན་རྒྱུའི་སྡིངས་ཆ་དང་གོ་སྐབས་མི་ཉུང་བ་ཞིག་བྱུང་བཞིན་ཡོད་ཀྱང་། མཐུན་རྐྱེན་དེ་རིགས་མེད་པའི་བོད་པའི་གཞོན་སྐྱེས་ཚོས་རང་ཉིད་ཀྱི་སྒྱུ་རྩལ་ཕྱིར་འདོན་ཐབས་ཀྱི་ཐད་གསུངས་སྐབས། “གལ་ཏེ་ཁྱེད་རང་དེབ་ཞིག་བྲིས་ཀྱི་ཡོད་ན། དེབ་ག་རེ་ག་རེ་བྲིས་ཚར་ཡོད་པ་དེ་དག་གི་ཐོག་ཤེས་རྟོགས་བྱུང་ཚེ། དེས་ཁྱེད་རང་ལ་ཁྱེད་རང་གི་སྒྲུང་གང་འདྲ་བྲིས་དགོས་པའི་བསམ་བློ་གསར་པ་བསྐྲུན་ཐུབ་ཀྱི་རེད།” ཅེས་དང་། “གློག་བརྙན་ཞིག་བཟོ་བར་ཡིན་གཅིག་འགྲོ་སོང་ཆེན་པོ་དེ་འདྲ་བཏང་མི་དགོས་པར། རང་ཉིད་ལ་ཆ་མཚོན་ན་ཡར་ཀླུངས་ཞེས་པའི་འགུལ་རིས་གློག་བརྙན་དེ་ནི། དེ་སྔ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་སྐབས་སུ་ཉལ་ཁང་ནས་བྲིས་པ་ཞིག་དང་། དེའི་སྐབས་མཐུན་རྐྱེན་ཞེ་དྲགས་མེད་པས་སོལ་བ་བེད་སྤྱོད་བྱས་ཏེ་བྲིས་པ་ཞིག་ཡིན་པས། བློ་ཁོག་ཆེ་ཙམ་དང་བསམ་བློ་རྒྱ་ཆེ་ཙམ་གཏོང་དགོས་གལ་ཆེ་བར་མཐོང་།”ཞེས་དང་། “སྒྲུང་བྲིས་ཀྱི་ཡོད་ནའང་རེད། གློག་བརྙན་བཟོ་ཡི་ཡོད་ན་རེད། (Tibet film festival) དང་ (Dharamsala international film festival) ཟེར་བ་དེ་དག་ནི་བཙན་བྱོལ་བོད་མི་རྣམས་ལ་མཚོན་ན། རང་ཉིད་ཀྱི་སྒྱུ་རྩལ་ཕྱིར་སྟོན་ཐུབ་སའི་སྡིངས་ཆ་གལ་ཆེན་ཞིག་ཏུ་མཐོང་གི་འདུག་པས། རང་ཉིད་ཀྱི་སྒྱུ་རྩལ་རྣམས་རིམ་བཞིན་གྲུབ་རྗེས་ཕྱིར་འདོན་སྤེལ་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད་” ཅེས་གསུང་གི་འདུག
ཀུན་བཟང་སྐྱིད་གྲོང་ལགས་ནི་ཁེ་ན་ཌར་རྟེན་གཞི་བྱས་པའི་ (Emily Carr) སྒྱུ་རྩལ་དང་བཟོ་བཀོད་ཀྱི་གཙུག་ལག་སློབ་གཉེར་ཁང་ (York university) ནས་སློབ་ཐོན་ཟིན་པ་ཞིག་རེད་འདུག་ལ། ཕྱི་ལོ་ ༢༠༢༦ ལོར་ཁོང་གིས་དུས་ཐུང་གློག་བརྙན་ (Letters from Tibet) ཞེས་པ་ཞིག་བཟོ་སྐྲུན་གནང་འདུག་ཅིང་། དེ་ནི་ཁོང་གིས་གློག་བརྙན་ནང་ལོ་རྒྱུས་ཡིག་ཚགས་དང་པར་རིས་དེ་རིགས་བེད་སྤྱོད་བྱས་པ་ཐོག་མ་དེ་ཆགས་ཡོད་པ་གསུངས་བྱུང་། ད་ལྟའི་ཆར་ཁོང་གིས་གློག་བརྙན་གསར་པའི་སྒྲུང་གཞི་བྲིས་བཞིན་ཡོད་པ་རེད།།
པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
