རྡ་སར་གཞོན་ནུའི་ཟས་བཅད་ངོ་རྒོལ་མུ་མཐུད་གནང་བཞིན་པ་དང་བསྟུན་རྒྱ་གར་བ་ཚོས་འཕཊ་བོད་མི་མང་མཉམ་འབྲེལ་གྱི་རྒྱ་ནག་ལ་ངོ་རྒོལ་བྱེད་དགོས་པ་བརྗོད་ཀྱི་འདུག
བཞུགས་སྒར་རྡ་རམ་ས་ལར་རྒྱལ་གཅེས་དཔའ་བོའི་མངོན་འདོད་ཀྱི་ཟས་བཅད་ངོ་རྒོལ་ཞེས་པའི་ལས་འགུལ་སྤེལ་བ་དེ་ཉིན་དགུ་པ་འགྲོ་བཞིན་པ་དང་བསྟུན། རྒྱ་གར་བ་ཁག་ཅིག་གིས་རྒྱ་ནག་གཞུང་གིས་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་བོད་ནང་དུ་སྤེལ་བཞིན་པའི་སྲིད་བྱུས་ལ་གདུང་སེམས་མཉམ་སྐྱེད་དང་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་གསལ་སྟོན་གནང་གི་འདུག
དེ་ཡང་ལྡི་ལི་ནས་ཡིན་པའི་ཡུལ་སྐོར་སྤྲོ་འཆམ་པ་གྷོ་བིན་ལགས་ཀྱིས་བློ་དགའ་ལགས་ཀྱི་གནད་དོན་དང་འབྲེལ་སེམས་འཚབ་ཡོད་པ་གསལ་སྟོན་གནང་བ་དང་སྦྲགས། རྒྱ་ནག་གི་དམར་ཤོག་གི་ལྟ་བ་དེ་ནི་འཛམ་གླིང་ཁྱོན་ཡོངས་ཙམ་དུ་མ་ཟད་རྒྱ་ནག་རང་ཉིད་ཀྱི་མི་སེར་རྣམས་ལའང་གནོད་ཚབས་ཆེ་བ་ཞིག་ཡིན་པས། རྒྱལ་ཁབ་ཡར་ཐོན་དངོས་གནས་ནི། རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལྡན་པ་དེ་ཡིན་ཞིང་། རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་མང་ཚོགས་ལ་བཙན་གནོན་བྱེད་བཞིན་པ་དེ་ཧ་ཅང་ནོར་འཁྲུལ་ཅན་ཞིག་རེད་ཅེས་གསུང་གི་འདུག་ལ། ཐེག་ཆོས་གླིང་གཙུག་ལག་ཁང་གི་ཕྱི་རོལ་དུ་བཞུགས་མཁན་གྱི་གླ་འཁོར་ཁ་ལོ་བ་ཨ་མིཏ་ལགས་ཀྱིས། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཆེད་དུ་ལས་འགུལ་དེ་བཞིན་གལ་ཆེན་པོ་ཞིག་མཐོང་གི་འདུག་ལ། བཞུགས་སྒར་རྡ་ས་ལར་རྒྱ་གར་ཡུལ་མིས་བོད་མི་དང་མཉམ་རུབ་ཐོག་ལས་འགུལ་དང་། བོད་མིའི་སྒྲིག་འཛུགས་ནས་ཀྱང་སེམས་ཤུགས་མ་ཆག་པར་ལས་འགུལ་སྤེལ་དགོས། མི་གཅིག་གིས་བོད་རྒྱལ་ཁབ་ཆེད་དུ་རང་སྲོག་བློས་བཏང་གནང་ཡོད་པ་ནི་ལས་སླ་པོ་ཞིག་མིན་པས་གནད་འགག་ཅན་ཞིག་རེད་ཅེས་གསུང་གི་འདུག

ཡང་ཁ་ལོ་བ་སུ་ཇིཏ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ལ་རང་དབང་སྤྲོད་དགོས་གལ་ཆེ་ཞིང་། ལས་འགུལ་དེ་བཞིན་བོད་མི་རྣམས་ཀྱི་ཆེད་དུ་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས། ཟླ་ ༧ ཚེས་ ༡༩ ནས་འགོ་འཛུགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལར་རྒྱལ་གཅེས་དཔའ་བོའི་མངོན་འདོད་རྒྱུན་མཐུད་ཟས་བཅད་ངོ་རྒོལ་ཞེས་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་ངོ་རྒོལ་དང་། བོད་མི་བློ་དགའ་རང་བཙན་ལགས་ཀྱི་བློས་བཏང་ལ་རྗེས་དྲན་ཞུ་ཕྱིར། ཆུ་ཚོད་ ༢༤ ཡི་རྒྱུན་མཐུད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་གནང་བཞིན་ཡོད་པ་དེར། རྒྱ་གར་ཡུལ་མི་ཙམ་མ་ཟད་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་མང་པོས་དོ་སྣང་གནང་གི་ཡོད་ཅིང་། ལས་འགུལ་དེའི་བརྒྱུད་བོད་དོན་དྲིལ་བསྒྲགས་གང་ལེགས་བྱུང་ཡོད་པ་འགྲེལ་བརྗོད་གནང་བ་དང་སྦྲགས། རིང་མིན་གཞོན་ནུ་ལྷན་ཚོགས་ངོས་ནས་ཨ་རིའི་ནིའུ་ཡོག་ནས་འགོ་འཛུགས་ཀྱིས། ཉེ་ལམ་རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲྭ་ལམ་ཐོག་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་ཀུན་སློང་ལ་འཁྱོག་བཤད་སྤེལ་བཞིན་པ་དེར། གདོང་ལེན་གྱི་ཆེད་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་གི་ཆ་ཤས་སུ་ལས་ཁུངས་ཤིག་སྒོ་འབྱེད་གནང་རྒྱུ་ཡིན་པ་གསུང་གི་འདུག
རྩ་བའི་བློ་དགའ་རང་བཙན་ལགས་ཀྱི་ཞག་ཞེ་དགུ་མ་ཟིན་བར་མུ་མཐུད་རྒྱུའི་རྒྱལ་གཅེས་དཔའ་བོའི་མངོན་འདོད་ཟས་བཅད་ངོ་རྒོལ་ཞེས་པ་དེའི་ཐོག ད་བར་བོད་མི་བདུན་ཅུ་མ་ཟིན་ཙམ་གྱིས་ཆུ་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་གནང་ཟིན་འདུག་ལ། གཞན་ཡང་བོད་ཀྱི་གཞོན་ལྷན་གྱི་གོ་སྒྲིག་འོག་འཛམ་གླིང་རྒྱུན་མཐུད་ཀྱི་ངོ་རྒོལ་ཞེས་འཛམ་གླིང་ས་ཕྱོགས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གནང་མུས་ཡིན་པ་རེད།།
ཁ་སྣོན་གསར་འགོད། བསྟན་འཛིན་དོན་ཡོད།
པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
