རྒྱ་གར་དབུས་གཞུང་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རཱན་དྷིར་འཇཡེསི་ཝལ་ (Randhir Jaiswal) ལགས་ཀྱིས་ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་སུས་ཀྱང་འགྱུར་བ་བཏང་མི་ཐུབ་པ་ནན་བརྗོད་གནང་འདུག
རྒྱ་ནག་གིས་ས་ཚིགས་ཁག་མིང་བསྒྱུར་བྱེད་པ་ནི་ས་ཁོངས་རྒྱ་སྐྱེད་ཀྱི་ཐབས་བྱུས་ཤིག་ཡིན་ཡང་། བྱ་སྤྱོད་དེས་ཨ་རུ་ན་ཅལ་ཐོག་རྒྱ་གར་གྱི་བདག་དབང་ལ་ནམ་ཡང་འགྱུར་བ་གཏོང་མི་སྲིད་ཅེས་ཉམས་ཞིབ་པས་གསུང་གི་འདུག
རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཨ་རུ་ན་ཅཱལ་མངའ་སྡེར་བདག་དབང་ཡོད་སྐོར་བརྗོད་དེ་ཁུལ་དེའི་ས་ཚིགས་མང་པོར་མིང་བསྒྱུར་རིམ་པ་བྱེད་བཞིན་པའི་སྐབས་འདིར། ཟླ་ ༨ ཚེས་ ༧ ཉིན་རྒྱ་གར་གཞུང་གིས་ཨ་རུ་ན་ཅཱལ་ནང་གི་ས་ཚིགས་དང་གཞུང་ལམ། མཚོ་བཅས་ཁྱོན་ ༢༧ གྱི་མིང་ཡོད་བཞིན་པ་རྣམས་གཞུང་འབྲེལ་ས་ཁྲའི་ནང་སྤྱི་ཡོངས་གཏན་འབེབས་དང་ཁྱབ་བསྒྲགས་བྱས་པའི་ཉིན་གཅིག་གི་རྗེས་རྒྱ་ནག་གཞུང་གིས། རྒྱ་གར་གྱི་བྱ་སྤྱོད་དེ་བརྒྱུད་ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་འབྲེལ་ལམ་ཙམ་མ་ཟད། རྒྱ་དཀར་ནག་གཉིས་ཀྱི་སྤྱི་ཡོངས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་འབྱུང་སྲིད་པའི་ཉེན་བརྡ་བཏང་སྟེ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་འདུག

དེ་འབྲེལ་རྒྱ་གར་དབུས་གཞུང་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རཱན་དྷིར་འཇཡེསི་ཝལ་ (Randhir Jaiswal) ལགས་ཀྱིས་འདི་ཚེས་ ༡༠ ཉིན་གསར་འགོད་གསལ་བསྒྲགས་སྐབས། ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ནི་དོན་དངོས་ཡིན་པས་དེར་གང་ཞིག་གིས་ཀྱང་འགྱུར་བ་བཏང་མི་ཐུབ་པ་ནན་བརྗོད་བྱ་རྒྱུ་ཡིན་ཞེས་གསུངས་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Institute of Chinese Studies) རྒྱ་ནག་གི་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ཧེ་མནཏི་ ཨདྷ་ལ་ཁ་ (Hemant Adlakha) ལགས་ཀྱིས། རྒྱ་ནག་གིས་ཨ་རུ་ན་ཅལ་གྱི་ས་ཁུལ་ལ་མིང་བཏགས་པའི་བྱ་སྤྱོད་དེ་ནི་རྒྱལ་ཁབ་གཞན་དང་ས་མཚམས་དང་འབྲེལ་བའི་གྲོས་མོལ་སོགས་ཀྱི་སྐབས་གནོན་ཤུགས་སྤྲོད་རྒྱུ་དང་ཁེ་ཕན་ལེན་རྒྱུའི་ཕྱི་འབྲེལ་གྱི་ཐབས་བྱུས་ཤིག་ཡིན་ཡང་། ཐེངས་འདིར་རྒྱ་གར་གྱིས་མིང་གཏན་འབེབས་བྱས་པ་དེས་རྒྱ་ནག་ལ་བསམ་ཡུལ་ལས་འདས་པ་ཞིག་བྱུང་ཡོད་ལ་མི་བདེ་བའི་ཚོར་བ་ཞིག་བསྐྲུན་ཡོད་ངེས་པས། རྒྱ་གར་གཞུང་གིས་མུ་མཐུད་རྒྱ་ནག་གི་བྱ་སྤྱོད་དེ་དག་ལ་ཐེར་འདོན་གྱིས་ཡ་ལན་སློག་པའི་ཐབས་ལམ་གསར་པ་འཚོལ་ཏེ་པེ་ཅིན་གྱི་གཡོ་སྒྱུའི་རང་བཞིན་ཕྱིར་བསྟན་དགོས་ཞེས་གསུངས་བྱུང་ལ།
རྒྱ་ནག་གི་གནད་དོན་ཐོག་གི་ཉམས་ཞིབ་པ་ (O.P. Jindal Global) གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཤྲི་པརྣ་པ་ཋག་ (Sriparna Pathak) ལགས་ཀྱིས། ད་རེས་རྒྱ་གར་གྱིས་ཨ་རུ་ན་ཅལ་ལ་རྒྱ་གར་གྱི་བདག་དབང་ཡོད་པའི་རྣམ་འགྱུར་གསལ་པོ་ཞིག་བསྟན་ཡོད་ལ། བྱ་སྤྱོད་དེས་རྒྱ་ནག་གིས་ས་མཚམས་རྒྱ་སྐྱེད་ཀྱི་བཙན་འཛུལ་བྱ་སྤྱོད་ལ་ཐད་ཀར་རྒོལ་ལན་བསློགས་པ་ཞིག་ཆགས་ཡོད། རྒྱ་ནག་གི་ས་ཚིགས་ཁག་ཏུ་མིང་བསྒྱུར་བྱས་ཏེ་ས་ཁྲའི་དམག་འཁྲུག་སློང་བཞིན་པ་དེ་ནི། དོན་དངོས་སུ་རྒྱ་ནག་རང་ཉིད་ཀྱིས་ནམ་ཡང་དབང་བསྒྱུར་མ་མྱོང་བའི་ས་ཁུལ་ཁག་རྩོད་ལེན་བྱེད་བཞིན་ཡོད་ཅིང་། བྱ་སྤྱོད་དེས་རྒྱ་གར་གྱི་ཨ་རུ་ན་ཅལ་ཐོག་གི་བདག་དབང་ལ་ནམ་ཡང་འགྱུར་བ་གཏོང་མི་སྲིད་ཅེས་གསུང་གི་འདུག
གནད་དོན་དེ་འབྲེལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འཕགས་བོད་ས་མཚམས་ཐོག་ཉམས་ཞིབ་གནང་མཁན་བྱེ་གཞོང་ཚེ་དབང་རྡོ་རྗེ་ལགས་ཀྱིས། ས་ཆར་མིང་བཏགས་པའི་སྲིད་བྱུས་དེ་ནི་རྒྱ་ནག་གིས་ལོ་རྒྱུས་ལ་འཁྱོག་བཤད་བྱས་པའི་ཐོག་ནས་ས་ཆའི་བདག་དབང་རྩོད་ཀྱི་ཡོད་ཅིང་། ལོ་རྒྱུས་འཁྱོག་བཤད་བྱས་པ་དེ་ཡང་བོད་དང་མོན་གྱི་འབྲེལ་བའི་ལོ་རྒྱུས་ལ་འཁྱོག་བཤད་དང་། གཞན་ཡང་ལོ་རྒྱུས་སུ་བོད་ས་གནས་སྲིད་གཞུང་ཞེས་འཁོད་པ་དེར་ས་གནས་སྲིད་གཞུང་གཅིག་པུ་བརྗོད་དེ་བདག་དབང་རྩོད་བཞིན་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་ས་གནས་ ༢༣ ལ་རྒྱ་མིའི་མིང་གསར་པ་བཏགས་པའི་གནས་ཚུལ་ཐོན་པའི་སྐབས། དེའི་སྐོར་པདྨ་མཁའ་འགྲོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། “འདི་ང་ཚོར་གནས་ཚུལ་གསར་པ་ཞིག་མ་རེད། རྒྱ་ནག་གིས་རྒྱུན་རིང་པོ་ཞིག་ནས་ཨ་རུ་ན་ཅལ་ཐོག་བདག་དབང་ཡོད་ཚུལ་བརྗོད་བཞིན་ཡོད་རེད། འོན་ཀྱང་ང་ཚོའི་ལོ་རྒྱུས་ང་རང་ཚོ་ལ་རྒྱུས་ཡོད་པས་ང་ཚོས་དུས་ནམ་ཡང་རྒྱ་ནག་གི་འོག་བསྡད་མ་མྱོང་། ང་ཚོའི་ས་མཚམས་ནི་བོད་དང་འཁེལ་གྱི་ཡོད་རེད། འོན་ཀྱང་ད་ལྟ་བོད་འདི་རྒྱ་ནག་གི་བཙན་འོག་ལ་ཡོད། རྒྱ་ནག་གིས་ཨ་རུ་ན་ཅལ་ནང་གི་ས་ཆར་མིང་བཏགས་པ་དེ་ད་རེས་ཐེངས་ ༦ པ་རེད། དེས་ང་ཚོར་ཁྱད་པར་བཟོ་ཡི་མ་རེད་”ཅེས་གསུངས་བྱུང་།།
ཁ་སྣོན་གསར་འགོད། བཀྲ་དབང་།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
