འབར་མར་བཀལ་བའི་དཔལ་འབྱོར་ཉེས་ཆད་ཕྱིར་འཐེན།

ནུབ་ཕྱོགས་ཡུལ་གྲུ་ཁག་གིས་འབར་མའི་ཐོག་ཚོང་འབྲེལ་བཀག་སྡོམ་སོགས་དཔལ་འབྱོར་གྱི་ཉེས་ཆད་བཀལ་བ་རྣམས་ཕྱིར་བསྡུ་གནང་རྒྱུ།

༄༅༎འབར་མའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་པ་དང་ལྷག་པར་ཉེ་སྔོན་འབར་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སུ་ཆི་མཆོག་གྲོས་ཚོགས་ཀྱི་བར་བརྒལ་འོས་བསྡུའི་ནང་མཉམ་ཞུགས་གནང་དུ་བཅུག་པ་སོགས་ལ་བརྟེན་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་འབར་མའི་ཐོག་ཚོང་འབྲེལ་བཀག་སྡོམ་སོགས་དཔལ་འབྱོར་གྱི་ཉེས་ཆད་བཀལ་བ་རྣམས་ཕྱིར་བསྡུ་གནང་རྒྱུ་ཡིན་པའི་གནས་ཚུལ་འདུག་། དེ་ཡང་དབྱིན་ཇིའི་སྲིད་བློན་དྲེ་ལྦིདྲ་ཀེ་མེ་རོན་མཆོག་དང་ ལྕམ་ཨང་སན་སུ་ཆི་མཆོག་རྣམ་གཉིས་ཀྱིས་ ནུབ་ཕྱོགས་ཡུལ་གྲུ་ཁག་ལ་འབར་མའི་ཐོག་བཀལ་བའི་དཔལ་འབྱོར་གྱི་ཉེས་ཆད་རྣམས་ཕྱིར་བསྡུ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་ རིང་མིན་ཕྱི་ཟླ་༤ཚེས་༢༣ཉིན་ཡུ་རོབ་ཡུལ་གྲུ་ཁག་གི་ཕྱི་འབྲེལ་བློན་ཆེན་རྣམས་ལྷན་ཚོགས་གནང་སྐབས་ འབར་མའི་ཆབ་སྲིད་གནས་སྟངས་ལ་བསྐྱར་ཞིབ་གནང་སྟེ་ ཚོང་འབྲེལ་བཀག་སྡོམ་རྣམས་ཕྱིར་བསྡུ་གནང་བའི་རེ་བ་ཡོད་པ་རེད།
དེ་སྔའི་འབར་མའི་དྲག་པོའི་གཞུང་གིས་མི་མང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བར་བརྟེན་ ཕྱི་ལོ་༡༩༩༦ལོར་ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ འབར་མའི་དྲག་པོའི་གཞུང་དང་ལྷན་དུ་གོ་མཚོན་ཉོ་ཚོང་མི་བྱ་རྒྱུ་དང་ འབར་མའི་དྲག་པོའི་དཔོན་རིགས་ཚོའི་དངུལ་དང་རྒྱུ་ནོར་ཡུ་རོབ་ནང་ཡོད་པ་རྣམས་བེད་སྤྱོད་གཏོང་མི་ཆོག་པ་ དེ་བཞིན་ཡུ་རོབ་ཀྱི་ཁེ་གཉེར་ལས་ཁང་ཚོས་འབར་མའི་གཞུང་དང་ལྷན་དུ་ཚོང་འབྲེལ་བྱེད་མི་ཆོག་པ་སོགས་དཔལ་འབྱོར་གྱི་ཉེས་ཆད་རྣམ་གྲངས་མང་པོ་ཞིག་བཀལ་ཡོད་པ་རེད། འོན་ཀྱང་འབར་མའི་སྲིད་འཛིན་ཐེ་ཨིན་སེན་མཆོག་གིས་ཆབ་སྲིད་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་ འབར་མའི་ནང་གུ་ཡངས་སྲིད་ཇུས་ལག་བསྟར་གནང་སྟེ་ ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སུ་ཆི་མཆོག་བར་བརྒལ་འོས་བསྡུའི་ནང་མཉམ་ཞུགས་གནང་དུ་བཅུག་པ་མ་ཟད་ ཆབ་སྲིད་ཀྱི་བཙོན་པ་མང་པོ་་གློད་གྲོལ་་བཏང་སོགས་བཟང་ཕྱོགས་ཀྱི་བཅོས་བསྒྱུར་ཆེན་པོ་གནང་བར་བརྟེན་ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མ་དང་འབྲེལ་ལམ་བསྐྱར་གསོ་གནང་བཞིན་པ་རེད།།