བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུག་ལྟར་དགུང་གྲངས་ ༩༡ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དེ་བཞིན་ལ་དྭགས་ཞི་བའི་འཚལ་གསུང་ཆོས་རྭ་བར་༧མགོན་པོ་མཆོག་གིས་དབུ་བཞུགས་ཐོག་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧གང་ཉིད་དགུང་ལོ་ ༡༣༠ ལྷག་བཞུགས་རྒྱུའི་གཟིམས་ལམ་དེ་འདྲ་བྱུང་ཡོད་པ་དང་རྒྱ་ནག་ནང་དུ་ནང་ཆོས་དར་ཁྱབ་ཆེན་པོ་འགྲོ་རྒྱུའི་ཐུགས་སྨོན་གནང་གི་ཡོད་པ་བཀའ་སློབ་ཕེབས་ཡོད་པ་རེད།
དབུས་བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་འཁྲུངས་སྐར་གསུང་བཤད་སྒྲོག་སྦྱང་ཞུས་པའི་ནང་། འདས་པའི་ལོ་གཅིག་འདི་༧རྒྱལ་བའི་གོ་སྟོན་སྲུང་བརྩི་ཞུས་པར་དེའི་ཁྲོད་ལས་རིམ་འདྲ་མིན་སྤེལ་བ་དག་སྙན་སེང་ཞུས་སོང་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་དེ་བཞིན་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་ལགས་ཀྱིས་ལྗགས་ཀློག་གནང་བ་དང་མཉམ་ཉེ་ཆར་ཨ་རིར་གནས་སྡོད་བློ་དགའ་རང་བཙན་ལགས་ཀྱིས་བོད་དོན་ཆེད་སྐུ་ལུས་མེར་བསྲེགས་གནང་ཡོད་པ་སྐོར་གསུངས་སོང་།

ཡང་མཛད་སྒོའི་ཐོག་ལ་དྭགས་ཨན་ཇུ་མན་ཨི་མ་མིཡའི་ཁ་ཆེའི་ཆོས་ཚོགས་ཀྱི་ཚོགས་གཙོ་ཨཤ་རཧྥ་ ཨ་ལི་ སྦར་ཅ་ (Ashraf Ali Barcha) ལགས་ཀྱིས་ལ་དྭགས་པ་ཆོས་ལུགས་དབྱེ་བ་མེད་པར་སུ་ཞིག་གིས་ཀྱང་༧མགོན་པོ་མཆོག་ལ་འཁྲུངས་སྐར་གྱི་ལེགས་སྐྱེས་ཕུལ་འདོད་ན་༧མགོན་པོ་མཆོག་གི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་དེ་གལ་ཆེ་ཤོས་ཡིན་པ་གསུངས་སོང་།
ཡང་མཛད་སྒོའི་མཇུག་ཏུ་ལ་དྭགས་དགོན་སྤྱི་ལྷན་ཚོགས་ནས་ཐུགས་རྗེ་ཆེ་ཞུའི་གསུངས་བཤད་གནང་བའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ལོ་ལྟར་ཆིབས་སྒྱུར་ཡོང་བའི་གསོལ་འདེབས་ཞུས་གནང་སོང་།
བཞུགས་སྒར་རྡ་རམ་ས་ལར་འཁྲུངས་སྐར་སྲུང་བརྩི་ཞུས་སྐབས། གཞོན་སྐྱེས་མང་པོས་༧གོང་ས་མཆོག་མགྱོགས་མྱུར་བོད་དུ་ཞབས་སོར་འཁོད་པའི་སྨོན་འདུན་ཞུ་ཡི་འདུག
དེ་ཡང་བཞུགས་སྒར་དུ་བཅའ་བཞུགས་བུ་ཆུང་ལགས་ཀྱིས། ༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ཉེ་ལམ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་མ་གནང་གོང་བོད་མི་རྣམས་ཆིག་སྒྲིལ་དགོས་པའི་ཁ་ཆེམས་བཞག་པ་ལྟར། བོད་མི་རྣམས་ཀྱིས་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་བཞིན་ཕོ་བྲང་པོ་ཏཱ་ལར་གདན་ཞུ་ཐུབ་དགོས་གལ་ཆེ་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡང་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་དབྱངས་ཅན་ལྷ་མོ་ལགས་དང་ལོན་ཌོན་ནས་ཡིན་པའི་ཆོས་སྐྱིད་ལགས་ཀྱིས། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་ཅིང་བོད་ལ་མགྱོགས་པོ་ཕེབས་ཐུབ་པའི་རེ་བ་དང་སྨོན་འདུན་ཡོད་ཅེས་གསུངས་བྱུང་ལ། བསྟན་འཛིན་གཟི་འོད་ལགས་ཀྱིས། བོད་རང་བཙན་མགྱོགས་པོ་ཐོབ་སྟེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གང་མྱུར་བོད་ནང་ཆིབས་བསྒྱུར་ཐུབ་པའི་སྨོན་འདུན་ཞུ་ཞེས་གསུང་གི་འདུག
རྩ་བའི་སྔ་ལོར་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་འཛམ་གླིང་ཁྱོན་ཡོངས་སུ་ལོ་འཁོར་མོར་སྐུའི་གོ་སྟོན་དང་བསྟུན། བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུས་ཡོད་པ་དེ་བཞིན་དངོས་སུ་མཇུག་སྒྲིལ་གྱི་ཡོད་པ་རེད།
འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་དབུ་བཞུགས་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་འབྲས་ལྗོངས་མངའ་སྡེ་གཞུང་གིས་ཕྱག་གྲོན་གནང་སྟེ་གསར་རྒྱག་གནང་པའི་བོད་མིའི་སྤྱི་ཁང་གསར་པ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པྲེམ་སིངྒ་རྟ་མང་ (Shri Prem Singh Tamang) མཆོག་གིས་དབུ་འབྱེད་གནང་པ་དང་། སྐབས་བློན་ཆེན་མཆོག་གིས། དེ་རིང་སྤྱི་ཁང་གསར་པ་འདིའི་ནང་ལས་དོན་གལ་ཆེན་པོ་གཉིས་གྲུབ་རྒྱུ་ཡིན་པ། གཅིག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་། བོད་མིའི་སྤྱི་ཁང་གསར་པ་དབུ་འབྱེད་གནང་རྒྱུ་དེ་རེད། ད་རེས་ང་ཚོས་སྤྱི་ཁང་གསར་པ་དབུ་འབྱེད་ཞུས་ཏེ་འདིས་འབྲས་ལྗོངས་ནང་གི་བོད་མི་ཚོར་སོ་སོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་འདི་ལོའི་༧སྐུའི་འཁྲུངས་སྐར་ཉིན་ནས་རྩིས་སྤྲོད་བྱ་རྒྱུ་འདི་ཡིན་ཞེས་གསུངས་སོང་། མ་ཟད་སྤྱི་ཁྱབ་བློན་ཆེན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་གལ་གནད་སྐོར་མང་ཚོགས་ལ་གསལ་བཤད་དང་ཚང་མས་འདིའི་ཐོག་ཐུགས་སྣང་དང་མི་ཚེའི་ནང་གང་ཡོང་ལག་བསྟར་གནང་པ་ཡིན་ན་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་ཡིན་པ་གསུངས་གནང་སོང་།
ཡང་འབྲས་ལྗོངས་མངའ་སྡེའི་རིག་གཞུང་དང་འཕྲོད་བསྟེན་བློན་ཆེན་ཇེ་ཌི་དྲུང་རྒྱལ་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་འཁྲུངས་སྐར་ཉིན་ངས་འབྲས་ལྗོངས་གཞུང་མང་གཉིས་ཀྱི་ཚབ་ཞུས་སྟེ་འཚམས་འདྲི་གྲངས་མེད་ཞུས་པ་དང་ཆབས་ཅིག་ཁོང་སྐུ་ཁམས་གསལ་ཐང་དང་འཛམས་གླིང་ཁྱོན་ཡོངས་སུ་ཁོང་གི་མཛད་ཕྲིན་རྒྱས་པའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་གསུངས་གནང་སོང་།
འདི་ལོའི་༧སྐུའི་འཁྲུངས་སྐར་གྱི་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པྲེམ་སིངྒ་རྟ་མང་མཆོག་དང་དམིག་བསལ་སྐུ་མགྲོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག དེ་བཞིན་མངའ་སྡེའི་དཔོན་རིག་ཁག་དང་གནས་ཡོད་མི་སྣ། སེར་སྐྱ་མི་མང་འདུ་འཛོམས་ཀྱིས་སྲུང་བརྩི་ཞུས་གནང་སོང་།
འབྲས་ལྗོངས་མངའ་སྡེ་དེ་བཞིན་རྒྱ་གར་གྱི་མངའ་སྡེ་གཞན་དང་མི་འདྲ་བར་ཕྱི་ལོ་༢༠༡༦ ལོ་ནས་བཟུང་མངའ་སྡེའི་གཞུང་གྱི་ལས་ཁུངས་ཁག་དང་ཤེས་ཡོན་བསྟི་གནས་སོགས་སུ་༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིས་ཞུ་རྒྱུར་གཞུང་འབྲེལ་གུང་གསེང་གི་ངོ་བོར་འམ་ (Restricted Holiday) བརྩིས་རྒྱུའི་ཁྲིམས་ལུགས་གཏན་འབེབས་གནང་ཡོད་པ་རེད།
