༄༅༎བོད་དེ་བཞིན་རང་སྐྱོང་ཆགས་པ་ཡིན་ན་༸གོང་ས་མཆོག་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་གཞུང་དེར་རྩིས་སྤྲོད་གནང་གི་ཡིན་ཞེས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་རྒྱ་གར་ལྷོ་ཕྱོགས་ཊ་མིལ་ན་དྲུ་མངའ་སྡེའི་རྒྱལ་ས་ཅེ་ནའེ་ནང་གི་ཆེས་མཐོའི་གཙུག་ལག་སློབ་གྲྭར་བཀའ་སློབ་སྩལ་གནང་མཛད་སྐབས་གསུང་གནང་ཡོད་པ་རེད། སློབ་ཕྲུག་ཚོས་བོད་ལ་རང་སྐྱོང་གི་གནས་བབ་དངོས་གནས་འཐོབ་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུས་པའི་བཀའ་ལན་དུ་༸གོང་ས་མཆོག་གིས་སྐབས་དེར་དུས་ཚོད་ཀྱི་གནད་དོན་ཞིག་མ་གཏོགས་བོད་ལ་རང་སྐྱོང་གི་ཆབ་སྲིད་གནས་བབ་གཏན་གཏན་འཐོབ་རྒྱུ་ཡིན་པ་དང་བོད་དེ་རང་སྐྱོང་ཆགས་པ་ཡིན་ཚེ་༸གོང་ས་མཆོག་གི་ཆོས་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་གཞུང་དེར་རྩིས་སྤྲོད་གནང་གི་ཡིན་གང་ལགས་ཤེ་ན་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་ང་ལས་ཞེད་པ་མི་མང་གིས་འདེམས་སྒྲུག་བྱས་པའི་གཞུང་དེས་ཤེས་ཀྱི་རེད་ལ་ངས་བོད་ཀྱི་འགོ་ཁྲིད་བྱེད་ཐུབ་ཀྱི་མ་རེད་ཅེས་མ་ཌ་ར་སེ་གཙུག་ལག་སློབ་གྲྭའི་སློབ་ཕྲུག་ཚོར་གསུང་གནང་ཡོད་པ་རེད། དེང་དུས་བོད་ཀྱི་ན་གཞོན་ཚོའི་སེམས་ཤུགས་དང་བློ་སྟོབས་མི་རབས་གོང་མ་ལས་ཆེ་བ་ཡོད་པའི་ཐོག་ལ་བོད་མིའི་འཐབ་རྩོད་ཐོག་ལ་འཛམ་གླིང་གི་ཁྱོན་ལ་གོ་རྟོགས་སྔར་ལས་ལྷག་པ་ཡོད་པས་མ་ཟད་རྒྱ་ནག་གི་མི་མང་ཁྲོད་ལའང་བོད་མིའི་འཐབ་རྩོད་ཐད་ལ་བསམ་ཚུལ་འདྲ་མཚུངས་འཛིན་མཁན་རིགས་གཅིག་ཀྱང་ཐོན་བཞིན་པ་རེད། དཔེར་ན་ན་ནིང་ལོར་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱེད་སྐབས་རྒྱ་ནག་གི་མཁས་དབང་ཁག་གིས་རྒྱབ་སྐྱོར་བྱས་པ་མཚོན་པའི་རྩོམ་བྲིས་མི་འདྲ་བ་སུམ་བརྒྱ་ཙམ་བྲིས་ཡོག་རེད་ཅེས་རྒྱབ་གནོན་གྱི་ཚུལ་དུ་གསལ་བཤད་གནང་ཡོད་པ་རེད།
