བོད་མི་རྒྱལ་གཅེས་དཔའ་བོ་ཚོར་དྲན་གསོ་ཞུ་བའི་ཁྲིམས་གཞི།

ཨ་མི་རི་ཀའི་ལྦི་སི་ཀོན་སིན་མངའ་སྡེའི་ས་གནས་གྲོས་ཚོགས་གོང་འོག་གཉིས་ཟུང་འབྲེལ་གྱི་ཐོག་ནས་གྲོས་ཆོད་ཅིག་གཏན་འབེབས་གནང་བ།

༄༅༎ཁ་ས་ཨ་མི་རི་ཀའི་ལྦི་སི་ཀོན་སིན་མངའ་སྡེའི་ས་གནས་གྲོས་ཚོགས་གོང་འོག་གཉིས་ཟུང་འབྲེལ་གྱི་ཐོག་ནས་བོད་མིའི་རང་དབང་འཐབ་རྩོད་ནང་ད་ཕན་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་དྲན་གསོ་གུས་བཏུད་ཞུ་ཕྱིར་གྲོས་ཚོགས་ནང་གྲོས་ཆོད་ཨང་༡༡༢ཞེས་པ་ཞིག་གཏན་འབེབས་གནང་སྟེ།

རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་དྲག་གནོན་མུ་མཐུད་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུག།

ཁ་ས་ལྦི་སི་ཀོན་སིན་མངའ་སྡེའི་ས་གནས་གྲོས་ཚོགས་ཀྱིས་ཁུལ་དེའི་ནང་གི་རེས་གཟའ་སྤེན་པའི་བོད་ཡིག་སློབ་གྲྭའི་སློབ་ཕྲུག་ཚོ་མགྲོན་འབོད་གནང་སྟེ། ཐོག་མར་བོད་པའི་སློབ་ཕྲུག་ཚོས་གང་བློ་མ་སྐྱོར་འདོན་གནང་བའི་ཐོག་ནས་གྲོས་ཚོགས་ཀྱི་ལྷན་འཛོམས་དབུ་འཛུགས་གནང་བ་དང༌། དེ་ནས་སློབ་ཕྲུག་ཚོས་རིམ་བཞིན་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་ཨ་མི་རི་ཀའི་རྒྱལ་གླུ་བཅས་བཏང་གནང་ཡོད་པ་རེད།

ལྦི་སི་ཀོན་སིན་མངའ་སྡེའི་ས་གནས་གྲོས་ཚོགས་གོང་འོག་གཉིས་ཟུང་འབྲེལ་ཐོག་ནས་གཏན་འབེབས་གནང་བའི་བོད་དོན་ཐོག་གི་གྲོས་ཆོད་ཨང་༡༡༢པ་དེས། ད་ལོའི་གསུམ་བཅུའི་དུས་དྲན་དེ་བཞིན་བོད་ཐོག་རྒྱ་ནག་གི་བཙན་འཛུལ་ལ་བོད་མི་ཚོས་ངོ་རྒོལ་གྱེན་ལངས་གནང་ནས་མི་ལོ་ཧྲིལ་པོ་༥༡འཁོར་བའི་ཉིན་མོ་ཞིག་ལ་ངོས་འཛིན་གནང་འདུག། གོང་ཞུས་གྲོས་ཆོད་ཨང་༡༡༢པ་དེ་གྲོས་ཚོགས་ནང་ཐོག་མར་བཏོན་གནང་མཁན་ལྦི་སི་ཀོན་སིན་ས་གནས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇོ་པ་རི་སི་ཡིས་ རང་དབང་ལ་དགའ་ཞེན་ཆེ་བའི་ལྦི་སི་ཀོན་སིན་མངའ་སྡེའི་མང་ཚོགས་དང་ཨ་རི་རྒྱལ་ཡོངས་མི་དམངས་ཚོས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་གནས་བབ་ཐད་བློ་འཚབ་ངེས་པར་གནང་དགོས་སྐོར་གསུངས་ཏེ། གྲོས་ཆོད་ཨང་༡༡༢པ་དེ་གཏན་འབེབས་གནང་བ་བརྒྱུད་ལྦི་སི་ཀོན་སིན་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམ་པ་ཚོས། བོད་དོན་བདེན་མཐའ་སེལ་ཐབས་སུ་བོད་རྒྱ་གཉིས་དབར་ཕན་ཚུན་གཉིས་མོས་ཀྱི་ཐག་གཅོད་ཅིག་ཡོང་ཐབས་སུ་བོད་མིའི་ངོས་ནས་ཐབས་ཤེས་གང་ཐུབ་གནང་བཞིན་ཡོད་པའི་གནས་ཚུལ་ཁྱབ་སྤེལ་གནང་རྒྱུ་ཡིན་པ་དང༌། ཐག་གཅོད་དེའང་བོད་མི་ཚོར་རང་དབང་དང་ཞི་བདེ་། ཆེ་ཐོངས་ལྡན་པའི་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཐུབ་པའི་ཆ་རྐྱེན་སྐྲུན་དགོས་ཀྱི་རེད་ཅེས་ཇོ་པ་རི་སིས་འགྲེལ་བརྗོད་གནང་བཞག།