བོད་མིའི་སྤྱི་ཚོགས་ནང་ལས་བྱེད་གསར་བསྐོའི་ཟབ་སྦྱོང་གསལ་བསྒྲགས།།

བོད་མིའི་སྤྱི་ཚོགས་ནང་འཛིན་སྐྱོང་དང་འབྲེལ་བའི་ལས་བྱེད་ཀྱི་སྔོན་འགྲོའི་ཟབ་སྦྱོང་སྤྲོད་རྒྱུའི་གསལ་བསྒྲགས་གནང་འདུག

༄༅།།བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་འདེམ་བསྐོ་ལྷན་ཁང་ནས། བོད་མིའི་སྤྱི་ཚོགས་ནང་འཛིན་སྐྱོང་དང་འབྲེལ་བའི་ལས་བྱེད་ཀྱི་སྔོན་འགྲོའི་ཟབ་སྦྱོང་སྤྲོད་རྒྱུའི་གསལ་བསྒྲགས་གནང་འདུག།
བོད་མིའི་དབུས་འོས་བསྡུ་ལས་ཁང་དང་གཞུང་ཞབས་འདེམ་བསྐོ་ལྷན་ཁང་གི་འགན་འཛིན་གཅིག་ལྕོག་འཇམ་དཔལ་ཆོས་བཟང་ལགས་དབུ་ཞུགས་ཐོག དེ་རིང་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་ཤོངས་སུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་འདུག་པ་དེའི་སྐབས། འཇམ་དཔལ་ཆོས་བཟང་ལགས་ཀྱིས། འདི་ལོ་ཕྱི་ཟླ་ ༧་ ནས་ ༡༡ བར་རྡ་རམ་ས་ལའི་ཉེ་འགྲམ་ས་ར་བོད་ཀྱི་དབུས་ཆེས་མཐོའི་སློབ་གཉེར་ཁང་དུ་ལས་བྱེད་ཀྱི་སྔོན་འགྲོའི་ཟབ་སྦྱོང་ཞིག་གནང་རྒྱུ་ཡིན་པ་གསུངས་པ་དང༌། དེའི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་གསར་འདེམས་བྱ་རྒྱུའི་ཆེད་ཡིན་པ་གསུངས་འདུག
ཁོང་གིས་གསལ་བཤད་གནང་པར་གཞིགས་ན། བཀའ་ཤག་ནས་གཏན་འབེབས་གནང་པའི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ས་གནས། དེ་བཞིན་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་བཅས་ཀྱི་ལས་བྱེད་པའི་ས་མིག་གྲངས་ ༦༠༦ ཡོད་ན་ཡང༌། ད་ཡོད་གཞུང་ཞབས་པ་གྲངས་ ༥༣༡ ལས་མེད་སྟབས། ས་མིག་སྟོང་པར་ལུས་པ་ ༧༥ ཡོད་པ་བསྐོང་ཆེད་ལས་བྱེད་པ་དྲག་འདེམས་ཞུ་རྒྱུའི་ཆེད་འདི་ལོའི་དབྱར་དུས་ཀྱི་གཟབ་སྦྱོང་དེ་བཀའ་བློན་ཁྲི་པ་དབུས་པའི་བཀའ་ཤག་གི་དགོངས་པ་དང་མཐུན་པའི་ཐོག་ནས་གོ་སྒྲིག་ཞུ་རྒྱུ་ཡིན་འདུག།