༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་འགྲུབ་ཚེ་རིང་མཆོིག་རྣམ་གཉིས་ཀྱིས་ཨ་རིའི་གྲོང་ཁྱེར་Minneapolis རུ་བྱང་ཨ་རིའི་གཟའ་མཇུག་སློབ་གྲའི་བོད་ཡིག་དགེ་རྒན་ཚོའི་ཟབ་སྦྱོང་དབུ་འབྱེད་གནང་འདུག
ཤེས་རིག་བཀའ་བློན་མཆོག་གིས་དབུ་འབྱེད་གསུང་བཤད་ནང་། གོ་ལ་གཅིག་འགྱུར་གྱི་དུས་རབས་འདིའི་ནང་། དགེ་རྒན་རྣམས་ཀྱི་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སློབ་འཁྲིད་གནང་གལ་ཆེ་བ་དང་། སློབ་ཕྲུག་ཡོངས་ལ་མྱུར་ཚད་ཀྱི་ཁྱད་པར་ཙམ་མ་གཏོགས་སློབ་གཉེར་བྱ་རྒྱུའི་ནུས་པ་ལྡན་ཡོད་པ་ངོས་འཛིན་གནང་དགོས་པ་མ་ཟད། དགེ་རྒན་རྣམས་ཀྱིས་སློབ་ཕྲུག་ཚོར་མིག་དཔེ་བཟང་པོ་བསྟན་ཏེ་སློབ་འཁྲིད་བྱ་རྒྱུ་གལ་ཆེ་བའི་བཀའ་སློབ་གནང་འདུག
དེ་བཞིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་གིས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ནི། བཙན་བྱོལ་དུ་འཁོད་པའི་བོད་མི་ཡོངས་ཀྱི་གཙིགས་ཆེར་འཛིན་དགོས་པའི་འགན་ཁུར་གཉིས་ནས་གཅིག་ཡིན་ཞིང་། བོད་ཀྱི་ལེགས་བྱང་རྣམས་རྒྱུན་གནས་ཐུབ་རྒྱུར་བོད་ཀྱི་སྐད་ཡིག་ལེགས་པར་སྦྱངས་ཏེ་བདག་གཅེས་ཐུབ་པ་དགོས་ཞེས་བཀའ་སློབ་གནང་འདུག དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལྷན་ཁང་གི་དྲུང་ཆེ་ལས་འཕར་ཚེ་རིང་བསམ་འགྲུབ་ལགས་དང་། ཨ་རིའི་གྲོང་ཁྱེར་Los Angeles རུ་བཅའ་བཞུགས་བསྟན་འཛིན་འཆི་མེད་གཉིས་ཀྱིས་སློབ་འཁྲིད་གནང་གི་ཡོད་པ་རེད། བསྟན་འཛིན་འཆི་མེད་ལགས་ཀྱིས་དེ་སྔོན་རྒྱ་གར་དུ་ལོ་མང་རིང་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་རེད། ཨ་རིའི་རྒྱལ་ས་ཝ་ཤིང་ཌན་དུ་རྟེན་གཞི་བྱེད་པའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་ཨ་རིའི་གྲོང་ཁྱེར་Minneapolis རུ་བྱང་ཨ་རིའི་གཟའ་མཇུག་སློབ་གྲའི་བོད་ཡིག་དགེ་རྒན་ཚོའི་ཟབ་སྦྱོང་འདི་གོ་སྒྲིག་གནང་བ་ཡིན་པ་རེད། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་གཟའ་མཇུག་སློབ་གྲའི་དགེ་རྒན་གྲངས་བཞི་བཅུ་ཞེ་དྲུག་ཉིན་གསུམ་གྱི་ཟབ་སྦྱོང་དུ་བཞུགས་འདུགཟབ་སྦྱོང་འདི་ཕྱི་ཟླ་༧་པའི་ཚེས་༢༠་ནས་༢༢་བར་ཉིན་གསུམ་རིང་གནང་རྒྱུ་ཡིན་པ་རེད།།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་རྣམ་རྒྱལ།
0:00 / 0:00
