པེ་ཅིང་ཨོ་ལིམ་པིག་སྐབས་ངོ་རྒོལ་ལས་འགུལ་སྤེལ་མཁན་གྱི་སྐོར།

རྒྱ་གཞུང་གིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་སྤེལ་བའི་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་སྙན་ཞུ་འབུལ་མཁན་ཚོ་བཙོན་འཇུག་བྱེད་ཀྱི་ཡོད་པ།

༄༅༎རྒྱ་ནག་གཞུང་གིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་སྤེལ་བའི་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་སྙན་ཞུ་འབུལ་མཁན་ཚོ་བཙོན་འཇུག་བྱེད་ཀྱི་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་འགྲེལ་བརྗོད་གནང་བཞག

རྒྱ་ནག་གཞུང་གིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་པེ་ཅིང་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སྤེལ་བའི་རིང་རྒྱལ་སྤྱིའི་གནོན་ཤུགས་འོག་པེ་ཅིང་ནང་གཏན་འབེབས་བྱས་པའི་ས་ཁོངས་ཁག་སུམ་ཙམ་ནང་ངོ་རྒོལ་གྱི་ལས་འགུལ་ཁག་སྤེལ་ཆོག་པའི་ཆོག་མཆན་སྙན་ཞུ་འབུལ་ཆོག་པའི་ཕྱིར་བསྒྲགས་བྱས་ཡོད་པའི་རྗེས་རྒྱ་ནག་ནང་གི་མི་སེར་མང་པོས་གནས་ཚུལ་འདྲ་མིན་ཐོག་ངོ་རྒོལ་གྱི་འདུ་འཛོམས་སྤེལ་རྒྱུའི་སྙན་ཞུ་ཕུལ་ཡོད་པ་དང་ཡིན་ནའང་སྙན་ཞུ་འབུལ་མཁན་ཚོར་ངོ་རྒོལ་ལས་འགུལ་སྤེལ་ཆོག་པའི་ཆོག་མཆན་སྤྲད་རྒྱུར་ཆ་རྐྱེན་སྣ་ཚོགས་བཏོན་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་ཆོག་མཆན་སྤྲད་མེད་པའི་ཁར་ད་ཆ་རྒྱ་ནག་གཞུང་གིས་སྙན་ཞུ་ཕུལ་མཁན་གྱི་མི་སྣ་ཚོ་འཛིན་བཟུང་བྱེད་ཡས་ཀྱི་ཉེན་ཚབས་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་འགྲེལ་བརྗོད་བྱས་འདུག་ རྒྱ་ནག་ལྷོ་ཤར་མངའ་ཁུལ་ནས་ཡིན་པ་ཅི་སི་ཙུན་གྱིས་ཨོ་ལིམ་པིག་རྩེད་འགྲན་རིང་པེ་ཅིང་གི་སྤྱི་གླིང་གསུམ་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཆོག་པ་ཕྱིར་བསྒྲགས་བྱས་པའི་རྗེས་པེ་ཅིང་དུ་ཕེབས་ནས་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་པེ་ཅིང་ནང་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ས་ཁོངས་སུ་ངོ་རྒོལ་བྱ་ཆོག་པའི་སྙན་ཞུ་ཕུལ་ཡོད་པ་དང་ཡིན་ནའང་ཚེས་བཅུ་གཅིག་ཉིན་པེ་ཅིང་ཉེན་རྟོག་ཁང་གིས་ཁོང་གི་ངོ་རྒོལ་སྙན་ཞུར་ཁས་ལེན་བྱས་མེད་ཅིང་ཁོང་ནི་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་དགོས་འདུན་སྙན་ཞུ་ཕུལ་མཁན་ཐོག་མ་དེ་ཡིན་པ་དང་དེ་རྗེས་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་ནས་ད་ཆ་བཙོན་འཇུག་ལོ་གསུམ་གྱི་ཁྲིམས་ཐག་ལོ་ཚད་བཟོས་ཡོད་པའི་སྐོར་ཁོང་གི་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་འགྲེལ་བརྗོད་གནང་བཞག