དེ་ཡང་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་གནང་མཁན་དང་ཨོསི་ཊརེ་ལི་ཡའི་(Australia)་རྩོམ་པ་པོ་ཡང་ཧང་ཅུན་(Yang Hengjun)་ལགས་ལ་རྒྱ་ནག་གི་ཁྲིམས་ཁང་གིས་སོ་མྱུལ་བའི་དྭོགས་གཞིའི་འོག་འཛིན་བཟུང་བྱས་ནས་ལོ་ལྔ་དང་གསང་རྒྱའི་འོག་ཁྲིམས་རྭ་ཚོགས་ནས་ལོ་གསུམ་ཕྱིན་པའི་རྗེས། འདི་ཚེས་༥རེས་གཟའ་ཟླ་བའི་ཉིན་པེ་ཅིང་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པའི་བཅད་ཁྲ་ལྟར་ན། རྩོམ་པ་པོ་ཡང་ཧང་ཅུན་གྱིས་ཐེ་ཝན་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་བར་ཉེས་འཛུགས་ཀྱིས་དུས་འགྱངས་སྲོག་ཐོག་གི་ཁྲིམས་ཐག་བཅད་ཡོད་འདུག
དེའི་ཐད་ཡང་ཧང་ཅུན་གྱི་གྲོགས་པོ་(Feng Chongyi)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ། འདི་ཚེས་༥ཉིན་པེ་ཅིང་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཡང་ཧང་ཅུན་དང་། ཁོང་གི་བཟའ་ཟླ། རྒྱ་ནག་ནང་བཅའ་སྡོད་ཨོསི་ཊརེ་ལི་ཡའི་གཞུང་ཚབ་ཁང་གི་འབྲེལ་ཡོད་ལས་བྱེད་བཅས་ཡོད་སར་བཅད་ཁྲ་དེ་ཡོངས་བསྒྲགས་བྱས་ཡོད་པ་བརྗོད་འདུག
རྩོམ་པ་པོ་ཡང་ཧང་ཅུན་ལགས་ནི་རྒྱ་ནག་ནང་སྐྱེས་ཤིང་། ཨོསི་ཊརེ་ལི་ཡའི་མི་སེར་ཡིན་པ་དང་། ཕྱི་ལོ་༢༠༡༩ལོར་རྒྱ་ནག་ཀོང་ཀྲོའུ་གནམ་ཐང་ནས་འཛིན་བཟུང་བྱས་ཡོད་པ་རེད། ཁོང་འཛིན་བཟུང་མ་བྱས་གོང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཕྱག་ལས་གནང་གི་ཡོད་འདུག རྒྱ་ནག་གཞུང་གིས་རྩོམ་པ་པོ་ཁོང་གིས་མིང་འདོན་མ་བྱས་པའི་རྒྱལ་ཁབ་ཅིག་གི་སོ་མྱུལ་ལས་དོན་བྱེད་ཀྱི་ཡོད་ལུགས་ཉེས་བཙུགས་བྱས་ཡོད་པ་དང་། རྩོམ་པ་པོ་ཡང་གི་དགའ་ཉེ་ཞིག་གིས་གནས་ཚུལ་ངོ་སྤྲོད་བྱས་པར་། རྩོམ་པ་པོ་ཡང་འཛིན་བཟུང་བྱས་ནས་ད་བར་ལོ་ངོ་ལྔ་ཙམ་ཕྱིན་ཡོད་པའི་ཁར། ཡང་ལ་སོ་མྱུལ་གྱི་ཉེས་པ་བཙུགས་ནས་གསང་བའི་ངང་ཁྲིམས་ཞིབ་ཐོག་མ་བྱས་ནས་ལོ་གསུམ་སོང་ཡོད་པ་བརྗོད་འདུག ཨོསི་ཊརེ་ལི་ཡའི་སིཌ་ནི་གྲོང་ཁྱེར་ནང་བཞུགས་པའི་གནད་དོན་དབྱེ་ཞིབ་པ་ཧྥང་གྲུང་དབྱིད་ཀྱིས་རྒྱ་ནག་གི་ཁྲིམས་ཁང་གིས་ཡང་ལ་བཅད་པའི་ཁྲིམས་ཐག་དེ་བཞིན་ཡང་གི་ནང་མི་ཚོར་ཁྲིམས་ཁང་ནང་ཡང་ལ་བརྒྱུད་བསྒྲགས་བྱེད་བཅུག་ཡོད་པ་དང་། བྱ་སྤྱོད་འདི་ནི་དྲང་བདེན་རྩ་བ་ནས་མེད་པའི་ཁྲིམས་ཞིབ་ཅིག་ཡིན། རྩོམ་པ་པོ་ཡང་གིས་རྒྱ་ནག་གཞུང་གིས་ཉེས་བཙུགས་བྱས་པར་ཁས་ལེན་བྱས་མེད་པས། ཨོསི་ཊརེ་ལི་ཡ་གཞུང་གིས་ཡང་ལགས་བཙོན་ཁང་ནས་སྨན་བཅོས་ཆེད་བཙོན་གྲོལ་ཐུབ་ཐབས་འབད་རྩོན་གནང་རྒྱུའི་འབོད་སྐུལ་ཞུས་འདུག ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་(Penny Wong)་གིས་ཕྱི་ཟླ་དང་པོའི་ནང་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། ཨོསི་ཊརེ་ལི་ཡ་གཞུང་གིས་རྩོམ་པ་པོ་ཡང་གི་གྱོད་དོན་ཐད་སེམས་འཚབ་ཆེན་པོ་ཡོད་པ་བརྗོད་ཡོད་པ་རེད།
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་(CPJ)་ཞེས་པའི་གསར་འགོད་སྲུང་སྐྱོབ་ཚོགས་པས་འདི་ཚེས་༥ཉིན་ཨོསི་ཊརེ་ལི་ཡའི་རྩོམ་པ་པོ་ཡང་ཧང་ཅུན་ལགས་སུ་རྒྱ་ནག་གིས་དུས་འགྱངས་སྲོག་ཐོག་གི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐད་སྐྱོན་བརྗོད་དང་མཉམ། རྒྱ་ནག་གི་ཁྲིམས་ཁང་གི་ཐག་གཅོད་དེ་ནི་དྲང་བདེན་མིན་པ་དང་། ངོས་ལེན་བྱེད་མི་ཐུབ་པ་ཞིག་ཡིན་པས། རྒྱ་ནག་གཞུང་གིས་རྩོམ་པ་པོ་ཡང་ཧང་ཅུན་ལགས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག
རྒྱ་ནག་པེ་ཅིན་གྱི་ཁྲིམས་ཁང་ཞིག་གིས་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༥ནང་ཡང་ལགས་ཀྱི་གྱོད་དོན་ཐོག་གསང་བའི་ཐོག་ནས་ཁྲིམས་ཞིབ་བྱས་ཡོད། ཡིན་ན་ཡང་ཡང་ལགས་ཀྱི་གྱོད་དོན་དང་འབྲེལ་བའི་གནས་ཚུལ་ཕྱིར་བསྒྲགས་རྩ་བ་ནས་བྱས་མེད་ཅིང་། རྩོམ་པ་པོ་ཡང་ལགས་ཀྱིས་ཨ་རི་དང་ཨོསི་ཊརེ་ལི་ཡ་རྒྱལ་ཁབ་སུ་འདྲ་ཞིག་གི་སོ་མྱུལ་བྱས་པའི་ཉེས་བཙུགས་ལ་ཁས་ལེན་བྱས་མེད་པ་རེད།
རྩོམ་པ་པོ་ཡང་ཧང་ཅུན་(Yang Hengjun)་ལགས་དེ་སྔ་རྒྱ་ནག་ནང་ཡོད་སྐབས་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་དང་། དེའི་རྗེས་རྒྱ་ནག་གི་ཧེ་ནན་ཞིང་ཆེན་ནང་གཞུང་གི་ལས་ཀ་བྱས་མྱོང་བ་དང་། རིམ་པས་ཧོང་དང་ཨ་རི་བཅས་སུ་གནས་སྤོར་བྱས་ནས་ཡོང་བ་ཡིན་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།
