བོད་པའི་སྤྱི་ཚོགས་ཁྲོད་རང་གཡེང་འཁྲུག་སྐྱོན་ (Autism ) ཞེས་དམིགས་བསལ་དགོས་མཁོ་ཅན་གྱི་ཕྲུ་གུ་མང་དུ་འགྲོ་བཞིན་པའི་སྐབས་འདིར། སྤྱི་ཚོགས་ནས་དེར་གུས་བརྩི་ལྡན་པའི་ཐོག་ངོས་ལེན་དགོས་པ་གསུང་གི་འདུག

ཧྥ་རན་སིར་བཅའ་སྡོད་བསྟན་འཛིན་དཔལ་མོ་ལགས་ཀྱིས་བོད་པའི་སྤྱི་ཚོགས་ཁྲོད་རང་གཡེང་འཁྲུག་སྐྱོན་ (Autism ) ཞེས་དམིགས་བསལ་དགོས་མཁོ་ཅན་གྱི་ཕྲུ་གུ་མང་དུ་འགྲོ་བཞིན་པའི་སྐབས་འདིར། “Where He Leads I Follow” ཞེས་དམིགས་བསལ་དགོས་མཁོ་ཅན་གྱི་ཕ་མ་ཞིག་ཡིན་པའི་མྱོང་ཚོར་དང་། ཕྲུ་གུ་དེ་རིགས་ལ་དམིགས་བསལ་སྤྱི་ཚོགས་ངོས་ནས་བཟང་ཕྱོགས་ཀྱི་ངོས་ལེན་ཐུབ་དགོས་པ་དང་འབྲེལ་བའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་བ་དང་། སྐབས་དེར་ཁོང་གིས། རྩ་བའི་དམིགས་བསལ་དགོས་མཁོ་ཅན་གྱི་ཕྲུ་གུ་དེ་རིགས་ཀྱིས་དུས་རྒྱུན། ཡང་ཡང་བྱེད་པ་དང་། གློ་བུར་དུ་སྐད་སྒྲ་སྒྲོག་པ་སོགས་ཀྱི་རྟགས་མཚན་མང་པོ་ཡོད་ཀྱང་། ཁོང་གི་ཕྲུ་གུས་གློ་བུར་དུ་སྐད་སྒྲ་སྒྲོག་པ་དང་ཆུ་ཕོག་ན་ལམ་སེང་གྱོན་ཆས་བརྗེ་དགོས་པ་སོགས་པའི་གནས་སྟངས་ཡོད་པས། དེར་ཕ་མ་གསར་པ་ཞིག་གི་ངོས་ནས་ལམ་སེང་ངོས་ལེན་བྱེད་དཀའ་ཡང་། སེམས་པ་བསྣན་ཏེ་ཕྲུ་གུའི་མདུན་ལམ་ཆེད་དུ་བསམ་བློ་གཏོང་དགོས་གལ་ཆེ་བ་གསུང་གི་འདུག

རང་གཡེང་འཁྲུག་སྐྱོན་ (Austism) གྱི་ངོ་སྤྲོད།
རང་གཡེང་འཁྲུག་སྐྱོན་ (Autism) ཞེས་པ་ནི། མི་ཞིག་གིས་རང་ཉིད་མཐའ་འཁོར་གྱི་འཛམ་གླིང་དང་ཁོར་ཡུག་ལ་ལྟ་ཚུལ་དང་། གཞན་དང་འབྲེལ་ལམ་བྱེད་སྟངས། དེ་བཞིན་སྤྱི་ཚོགས་ནང་གཏམ་གླེང་དང་ཕན་ཚུན་འབྲེལ་བ་བྱེད་སྟངས་བཅས་ལ་ཤུགས་རྐྱེན་ཐེབས་པའི་ཀླད་པའི་བྱ་ལས་ཀྱི་རྣམ་པ་ཞིག་མངོན་རྒྱུ་ཡོད། རང་བཞིན་འདི་ཡོད་པའི་གང་ཟག་ཞིག་ལ་འདི་ནི་ཕལ་ཆེར་ཚེ་གང་ལ་གནས་པའི་གནས་སྟངས་ཤིག་ཡོང་སྲིད་ཅིང་། སྤྱིར་བཏང་ལོ་ན་ཆུང་དུས་ནས་འགོ་བཙུགས་ཀྱི་ཡོད། རང་གཡེང་འཁྲུག་སྐྱོན་གྱི་མཚོན་ཚུལ་ནི་མི་རེ་ངོ་རེར་མི་འདྲ་བ་ཡོད་ཀྱང་། གནད་འགག་གི་ཁྱད་ཆོས་རྣམས་སྤྱིར་བཏང་གཙོ་བོའི་དབྱེ་བ་གཉིས་སུ་ཕྱེ་བ་སྟེ།
༡། སྤྱི་ཚོགས་ཀྱི་ཁྲོད་འབྲེལ་འདྲིས་ཀྱི་གཏམ་གླེང་དང་ཕན་ཚུན་འབྲེལ་བ།
རང་གཡེང་འཁྲུག་སྐྱོན་ཡོད་པའི་མི་ཁ་ཤས་ལ་ངག་ཐོག་དང་རྣམ་འགྱུར་གྱི་ཐོག་ནས་འབྲེལ་བ་བྱེད་སྟངས་དང་གོ་བ་ལེན་སྟངས་ཐད་མི་འདྲ་བའི་གནས་ཚུལ་ཡོང་གི་ཡོད་པ་དཔེར་ན། མི་གཞན་ལ་མིག་ལ་ཐད་ཀར་ལྟ་བ་ཉུང་བ། གཞན་གྱི་ལུས་པོའི་འཁྱེར་བཟོ་དང་སྤྱི་ཚོགས་ཀྱི་རྟགས་མཚན་ལ་གོ་བ་ལེན་དཀའ་བ། ཡང་ན་དོན་དངོས་མིན་པའི་འབྲེལ་ལམ་བྱེད་སྟངས་དང་ཟུར་ཟའི་གཏམ་གྱི་དོན་ལ་གོ་བ་ལེན་དཀའ་བ། མཉམ་འབྲེལ་དང་མཛའ་མཐུན་གྱི་འབྲེལ་བ་གསར་སྐྲུན་བྱེད་སྟངས་མི་འདྲ་བ་བཅས་ཡོད་སྲིད།
༢། སྤྱོད་ཚུལ་དང་། དང་དོད་བྱེད་ས། དེ་བཞིན་དབང་རྩའི་ཚོར་བ།
རང་གཡེང་འཁྲུག་སྐྱོན་ཡོད་པའི་མི་མང་པོས་སྔོན་ཚུད་ནས་ཡོད་པའི་གོམས་འདྲིས་དང་རྒྱུན་ལྡན་གྱི་བྱ་རིམ་ལ་དགའ་མོས་བྱེད་ཀྱི་ཡོད། ལས་ཀ་གཅིག་ནས་གཞན་ཞིག་ལ་འགྱུར་བ་དང་བྱ་རིམ་བརྗེ་སྒྱུར་བྱེད་པ་དེ་དཀའ་ངལ་ཅན་དུ་ཡོང་སྲིད་པ་མ་ཟད། དང་དོད་ཧ་ཅང་ཆེ་བའི་དོན་གནད་ཁ་ཤས་ལ་གཏིང་ཟབ་པའི་དང་དོད་དང་སྤྲོ་བ་བྱེད་སྲིད་པ་དང་། ལུས་ཀྱི་གཡོ་འགུལ་ཡང་ཡང་བྱེད་པའམ། ཡང་ན་སྐད་ཆ་ཡང་ཡང་བཤད་པ་ལྟ་བུའི་སྤྱོད་ཚུལ་མི་འདྲ་བ་ཡོང་སྲིད། དེ་བཞིན་འོད་དང་། སྒྲ། རེག་བྱ་བཅས་ཀྱི་ཐད་ཁག་ཅིག་ལ་དབང་རྩའི་ཚོར་བ་ཧ་ཅང་མཐོ་བའམ་ཡང་ན་ཉུང་བ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
སྤྱི་ཚོགས་ཁྲོད་ནས་གུས་བརྩི་དང་རྒྱབ་སྐྱོར་དགོས་གལ།
(Tibetan Ability Centre) ཞེས་བོད་མིའི་ནུས་གསོ་བསྟི་གནས་ཁང་གྱི་འགན་འཛིན་བདེ་ལེགས་དབང་མོ་ལགས་ཀྱིས། བོད་པའི་སྤྱི་ཚོགས་ཁྲོད་དམིགས་བསལ་དགོས་མཁོ་ཅན་གྱི་ཕྲུ་གུ་རྣམས་ལ་ངོས་ལེན་དང་གུས་བརྩི་ལྡན་ཞིང་། སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཏུ་ངོས་འཛིན་གྱི་བཀའ་མོལ་ཡག་པོ་གནང་དགོས་གལ་ཆེ་བ་མ་ཟད། ཁོང་རྣམས་ཀྱི་འབྲེལ་ཡོད་ཕ་མ་རྣམས་ལའང་ཕྱག་རོགས་ཞུ་དགོས་གལ་ཆེ་བ་གསུང་གི་འདུག བདེ་ལེགས་དབང་མོ་ལགས་ཀྱིས་གསུང་པ་ལྟར་ན། རྩ་བའི་བཙན་བྱོལ་བོད་མིའི་ཤེས་ཡོན་ཚོགས་ཆེན་སྐབས་དང་། བྱིས་པའི་ཉིན་མོ་དང་། དགེ་རྒན་ཉིན་མོ། ཕ་མའི་ཉིན་མོ་བཅས་ཀྱི་གསུང་འཕྲིན་ནང་། བཙན་བྱོལ་བོད་པའི་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་སྤུས་ཚད་ཡར་རྒྱས་གཏོང་ཕྱོགས་དང་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་གི་སློབ་སྦྱོང་གི་དཀའ་ངལ་བཅས་ལ་གདོང་ལེན་གནང་་ཕྱོགས། དེ་བཞིན་སློབ་ཁྲིད་དང་སློབ་སྦྱོང་གི་བརྒྱུད་རིམ་ནང་བརྡ་འབྲེལ་འཕྲུལ་རིག་ནུས་ལྡན་ངང་བེད་སྤྱོད་གཏོང་ཕྱོགས་དང་འབྲེལ་སློབ་གྲྭའི་ནང་དུ་ཡོད་པའི་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་མའི་ཆེད་དམིགས་བསལ་ཆེད་ལས་པ་བསྐོ་གཞག་དགོས་པའི་གྲོས་ཆོད་གཏན་འབེབས་དང་། བོད་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་སྐབས་འདིར། སློབ་ཕྲུག་གཅིག་ཀྱང་འཕྲོ་བརླག་མི་འགྲོ་བའི་གཙོ་འདོན་བྱ་དགོས་པ་བསྟུད་མར་གསུངས་ཡོད་པ་རེད། མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་ ༡༦ པའི་བཀའ་ཤག་གི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས་དེང་སྐབས་བཙན་བྱོལ་བོད་པའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་གསར་ཞུགས་ཀྱི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་པའི་ཁྲོད་སློབ་ཕྲུག་ཞལ་ཡག་པོ་གྲག་མ་ཐུབ་མཁན་དང་ཀློག་སྩལ་གྱི་ནུས་པ་མེད་པ། སེམས་ཁམས་མི་བདེ་བ་སོགས་ཀྱི་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་གི་གྲངས་འབོར་ཡང་ཇེ་མང་དུ་འགྲོ་བཞིན་པ་དེ་ནི་ཧ་ཅང་ཛ་དྲག་དང་སེམས་འཚབ་གནང་དགོས་པའི་གནས་སྟངས་ཆགས་ཡོད་པ་གསུངས་ཡོད།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རང་གཡེང་འཁྲུག་སྐྱོན་གྱི་དཀའ་ངལ་ཡོད་མཁན་བྱིས་པའི་གྲངས་འབོར་དང་བརྒྱ་ཆ་གསལ་པོ་ཞིག་མེད་ཀྱང་། ཨ་རིའི་ནད་གཞི་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ (CDC) ཀྱིས་ཨ་རིའི་ས་ཁུལ་ ༡༦ ནང་གི་ལོ་ན་ ༨ ལོན་པའི་བྱིས་པའི་གྲངས་གཞི་ལ་གཞིགས་ནས། ༢༠༢༢ ལོའི་ལྟ་ཞིབ་གྲངས་གཞིའི་ནང་བྱིས་པ་ ༣༡ ནང་ནས་གཅིག་ལ་ (༣.༢%) རང་འཐིམ་འཁྲུག་སྐྱོན་གྱི་དཀའ་ངལ་ཡོད་པ་དཔྱད་བསྡུར་གྱི་གྲུབ་དོན་ལས་ཚོད་དཔག་བྱས་ཡོད་པ་རེད།།
ཁ་སྣོན་གསར་འགོད། བཀྲ་དབང་།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
