རིག་གནས་གསར་བརྗེའི་དམར་པོའི་རླུང་འཚུབ་བོད་ནང་ཇི་ལྟར་འགོ་བཙུགས་པ།

རིག་གནས་གསར་བརྗེའི་ལས་འགུལ་འདི་ཐོན་ནས་ལོ་ངོ་ ༦༠ འགྲོ་བཞིན་ཡོད་པས། བོད་ནང་རྙིང་པ་བཞི་རྩ་གཏོར་གྱི་འབོད་ཚིག་ཁྲོད་ནས་བོད་ཀྱི་རིག་གཞུང་གཏོར་བཤིག་འགོ་བཙུགས་ཡོད་པ།

བོད་ས་ཡོངས་ཀྱི་ལྟེ་གནས་སུ་གྱུར་བའི་རྒྱལ་ས་ལྷ་ས་དང་། དེའི་ལྟེ་གནས་སུ་གྱུར་བའི་ལྷ་ལྡན་གཙུག་ལག་ཁང་ལ་རིག་གནས་གསར་བརྗེའི་སྐབས་སུ་གཏོར་བཤིག་གང་འདྲ་བྱུང་མིན་ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ། བོད་མི་ཚོས་གསོལ་བ་སྨོན་ལམ་འདེབས་ཡུལ་དང་ཆོས་ཀྱི་སློབ་གཉེར་བྱེད་སའི་གསུང་ཆོས་རྭ་བ་འདི་ ༡༩༦༦ ལོར་དུས་ཡུན་ཐུང་ངུ་ཞིག་ནང་རྙིང་པ་བཞི་ཟེར་རྩ་གཏོར་གྱི་ལས་འགུལ་སྤེལ་ས་ཞིག་དང་བོད་མིར་དགག་པ་འཐབ་འཛིང་བྱེད་ས་ཞིག་ཏུ་གྱུར་ཡོད།

བོད་ནང་རིག་གནས་གསར་བརྗེའི་ལས་འགུལ་འདི་གནས་སྟངས་གང་འདྲ་ཞིག་གི་འོག་འགོ་བཙུགས་པ་ཤེས་དགོས་ན། སྔོན་ལ་ལོ་རབས་ལྔ་བཅུའི་ནང་ཕྱིར་ལོག་བྱ་དགོས་ཀྱི་ཡོད།

༡༩༥༠ ལོར་རྒྱ་ནག་གི་དམར་ཤོག་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཤིང་། ༡༩༥༡ ལོར་བཙན་དབང་འོག་དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་འཇོག་དགོས་བྱུང་ཡོད་ལ། ༡༩༥༩ ལོའི་ཟླ་གསུམ་པའི་ནང་བོད་མིའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་བྱུང་པ་དང་། དེ་རྗེས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་ཡོད།

དེ་ནས་ལྷ་ས་གཙོས་པའི་ས་ཁུལ་ཁག་ལ་ཡང་རྒྱ་ནག་གཞུང་གིས་དམངས་གཙོའི་བཅོས་བསྒྱུར་ཞེས་པའི་ལས་འགུལ་གྱི་འོག་ས་ཞིང་དང་རྒྱུ་ནོར་གྱི་བདག་དབང་ལ་བསྒྱུར་བ་བཏང་པ་དང་། བོད་མི་རྣམས་གྲལ་རིམ་གྱི་ཁོངས་སོ་སོར་དབྱེ་བ། སྲིད་དོན་སློབ་གསོ་ཡང་སྤེལ་འགོ་བཙུགས་ཡོད།

༡༩༦༦ ལོར་རྒྱ་ནག་ནང་རིག་གནས་གསར་བརྗེའི་ལས་འགུལ་འདི་འགོ་བཙུགས་པ་དང་དུས་མཚུངས་བོད་ནང་དུ་ཡང་དམར་པོའི་རླུང་འཚུབ་འདི་སླེབས་ཡོད། དེ་ཡང་རིག་གནས་གསར་བརྗེ་ལས་འགུལ་འདི་དང་ཐོག་པེ་ཅིང་ནས་འགོ་བཙུགས་པ་དང་། དེའི་རྒྱབ་ལྗོངས་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆའི་འཐབ་རྩོད་དང་། ལྟ་ཚུལ་མི་མཐུན་པ་མངོན་ཡོད།

རིག་གནས་གསར་བརྗེའི་ལས་འགུལ་འདི་ཐོན་ནས་ལོ་ངོ་ ༦༠ འགྲོ་བཞིན་ཡོད་པས།  བོད་ནང་རྙིང་པ་བཞི་རྩ་གཏོར་གྱི་འབོད་ཚིག་ཁྲོད་ནས་བོད་ཀྱི་རིག་གཞུང་གཏོར་བཤིག་འགོ་བཙུགས་ཡོད་པ།
རིག་གནས་གསར་བརྗེའི་དམར་པོའི་རླུང་འཚུབ་བོད་ནང་ཇི་ལྟར་འགོ་བཙུགས་པ། བོད་ཀྱི་སྲོལ་རྒྱུན་སྤྱི་ཚོགས་གཏོར་བཤིག་བཏང་ནས་ཚང་མའི་མིང་སྒྱུར་བཞིན་ཡོད་པ། (ཚེ་རིང་འོད་ཟེར།)

དེ་ཡང་མའོ་ཙེ་ཏུང་གི་མདུན་མཆོང་ཆེན་མོའི་ལས་འགུལ་འདི་ཕམ་ཉེས་བྱུང་རྗེས། དམར་ཤོག་ཚོགས་པའི་ནང་དཔལ་འབྱོར་སླར་གསོའི་སྲིད་ཇུས་ལག་བསྟར་བྱས་པ་ཁག་ཅིག་ལ་མའོ་ཡིས་མོས་མཐུན་མ་བྱས་པར། དམར་ཤོག་ཚོགས་པའི་ནང་དུ་མ་རྩའི་རིང་ལུགས་བསྐྱར་ལོག་བྱེད་མཁན་ཡོད་པ་བརྗོད་ནས་རང་ཉིད་ཀྱི་དབང་ཆ་སྲ་བརྟན་ཡོང་ཆེད་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་ཡོད།

དང་ཐོག་རྙིང་པ་བཞི་གཏོར་དགོས་པ་ཟེར་བརྗོད་ནས། བསམ་བློ་རྙིང་པ་དང་རིག་གནས་རྙིང་པ། ཡུལ་སྲོལ་རྙིང་པ། གོམས་གཤིས་རྙིང་པ་བཅས་མེད་པ་བཟོ་རྒྱུའི་འབོད་ཚིག་འོག་དད་མོས་དང་སྲོལ་རྒྱུན། ཉིན་རེའི་འཚོ་བའི་གོམས་གཤིས་བཅས་གཏོར་རྒྱུ་དམིགས་འབེན་དུ་གྱུར་ཡོད།

འདི་ལྟར་བོད་ནང་དུའང་དུས་ཚོད་རིང་པོ་མ་འགོར་བར་རིག་གནས་གསར་བརྗེའི་ལས་འགུལ་དེ་སྤེལ་རྒྱུའི་སྒྲིག་འཛུགས་བཙུགས་ཡོད། བོད་ནང་གི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་ལས་འགུལ་འདིའི་སྐོར་ལོ་མང་རིང་ཞིབ་འཇུག་གནང་བ་དང་། ཁོང་གི་པཱ་ལགས་ཚེ་རིང་རྡོ་རྗེ་ལགས་ཀྱིས་བླངས་པའི་པར་ཁག་གིས་དུས་ཚོད་དེའི་ལྷ་སའི་གནས་སྟངས་མཐོང་ཐུབ་པར་བྱུང་ཡོད། ༡༩༦༦ ལོའི་ཟླ་ལྔ་པའི་ཟླ་མཇུག་ཏུ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ལྷན་ཁང་གིས་རིག་གནས་གསར་བརྗེའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ཟླ་དྲུག་པའི་ནང་ལྷ་སའི་ལས་ཁུངས་ཁག་ཏུ་ཡིག་ཆེན་ཚགས་པར་སྦྱར་བ། ངག་ཐོག་དང་ཡིག་ཐོག་ནས་དགག་པ་འཐབ་འཛིང་བྱས་པ་ནས་ལས་འགུལ་འདི་འགོ་བཙུགས་ཡོད།

རིག་གནས་གསར་བརྗེའི་ལས་འགུལ་འདི་ཐོན་ནས་ལོ་ངོ་ ༦༠ འགྲོ་བཞིན་ཡོད་པས།  བོད་ནང་རྙིང་པ་བཞི་རྩ་གཏོར་གྱི་འབོད་ཚིག་ཁྲོད་ནས་བོད་ཀྱི་རིག་གཞུང་གཏོར་བཤིག་འགོ་བཙུགས་ཡོད་པ།
རིག་གནས་གསར་བརྗེའི་དམར་པོའི་རླུང་འཚུབ་བོད་ནང་ཇི་ལྟར་འགོ་བཙུགས་པ། ༡༩༦༦ ལོར་བོད་ནང་ཐོག་མར་རིག་གནས་གསར་བརྗེའི་ལས་འགུལ་འགོ་བཙུགས་པའི་སྐབས། (ཚེ་རིང་འོད་ཟེར།)

ཡང་ཡིག་ཆེན་ཚགས་པར་ཐོག་མི་སྒེར་དང་ལས་ཁུངས་ལ་དགག་པ་རྒྱག་རྒྱུ་དང་རྡུང་རྡེག་གཏོང་རྒྱུའི་ནང་དོན་བྲིས་ཏེ། མི་དམངས་ཀྱིས་མཐོང་སར་སྦྱར་བ་དང་འཁྱེར་འགྲོ་གི་ཡོད།

༡༩༦༦ ལོའི་ཟླ་ ༨ ཚེས་ ༡༩ ཉིན། ལྷ་སར་རིག་གནས་གསར་བརྗེའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་ཚོགས་འདུ་བསྐོངས་པ་དང་ཁྲོམ་སྐོར་བྱས་ཡོད་ཅིང་། ཚོགས་འདུའི་མདུན་གྲལ་དུ། བོད་ལྗོངས་དགེ་འོས་སློབ་གྲྭ་དང་ལྷ་ས་སློབ་འབྲིང་གི་དམར་སྲུང་དམག་ལངས་ནས་ཡོད་ལ། འདི་ཚོ་ནི་ལྷ་སའི་དམར་སྲུང་དམག་ཐོག་མའི་གྲས་ཤིག་ཆགས་ཡོད།

རིག་གནས་གསར་བརྗེའི་ལས་འགུལ་སྐབས་དམར་སྲུང་དམག་ཅེས་པ་ཞིག་ཡོད་པ་དེ་ནི་དམག་དཔུང་མ་ཡིན་པར། སློབ་མས་གཙོས་པའི་གཞོན་སྐྱེས་ཀྱི་ལས་འགུལ་ཚོགས་པ་ཞིག་རེད། ཁོང་ཚོའི་དཔུང་པར་དམར་སྲུང་དམག་གི་དཔུང་རྟགས་བཏགས་ཤིང་། མའོ་ཡི་བསམ་བློ་སྲུང་མཁན་དང་གསར་བརྗེའི་སྔོན་སྐྱོད་པ་ཡིན་པར་ངོ་སྤྲོད་བྱེད་ཀྱི་ཡོད་ལ། ལས་འགུལ་ནང་ཕྱི་ནས་སླེབས་པའི་མི་སྣ་དང་མཉམ་དུ། ས་གནས་ཀྱི་བོད་མི་གཞོན་སྐྱེས་ཀྱང་མཉམ་ཞུགས་བྱས་ཡོད།

ཚེ་རིང་རྡོ་རྗེ་ལགས་ཀྱིས་བླངས་པའི་རིག་གནས་གསར་བརྗེའི་སྐབས་ཀྱི་པར་ཁག་ནང་། ཁུ་ཚུར་བསྒྲེངས་ནས་འབོད་ཚིག་སྒྲོག་པ་དང་། མའོ་ཡི་གསུང་བཏུས་ཡར་འཕྱར་བ། དམག་ཆས་ལྟ་བུའི་གྱོན་གོས་གྱོན་པ་བཅས་མཐོང་རྒྱུ་ཡོད། འདི་རྣམས་ནི་ ༥༩ ལོར་༧གོང་ས་མཆོག་གིས་དབུས་པའི་བོད་གཞུང་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་པའི་རྗེས་སུ་བོད་ཡུལ་དུ་རྒྱ་ནག་གི་དམར་པོའི་རླུང་འཚུབ་ཀྱི་ལས་འགུལ་ཞིག་ཡིན་པ་དང་། ལས་འགུལ་འདིའི་ནང་བོད་ཕྲུག་ཆུང་ཆུང་ཚོ་ཡང་མཉམ་དུ་ཚུད་ཡོད། དེའི་སྐབས་ཀྱི་བོད་འདི་བཞིན་བོད་པའི་རྣམ་པ་མཐོང་རྒྱུ་མེད་པའི་རྒྱ་ནག་གི་དམར་པོའི་རྣམ་པ་ལྡན་པའི་སྤྱི་ཚོགས་སུ་གྱུར་ཡོད་པ་སྐད་ཆ་བཤད་སྟངས་དང་། གྱོན་གོས། བྱ་སྤྱོད་བཅས་ཀྱི་ཐོག་ནས་མངོན་ཐུབ་རྒྱུ་ཡོད་པ་རེད།

རིག་གནས་གསར་བརྗེའི་ལས་འགུལ་འདི་ཐོན་ནས་ལོ་ངོ་ ༦༠ འགྲོ་བཞིན་ཡོད་པས།  བོད་ནང་རྙིང་པ་བཞི་རྩ་གཏོར་གྱི་འབོད་ཚིག་ཁྲོད་ནས་བོད་ཀྱི་རིག་གཞུང་གཏོར་བཤིག་འགོ་བཙུགས་ཡོད་པ།
རིག་གནས་གསར་བརྗེའི་དམར་པོའི་རླུང་འཚུབ་བོད་ནང་ཇི་ལྟར་འགོ་བཙུགས་པ། རིག་གནས་གསར་བརྗེའི་ལས་འགུལ་སྤེལ་སྐབས་འཐབ་འཛིང་གཏོང་སྐབས་ཀྱི་རྣམ་པ། (ཚེ་རིང་འོད་ཟེར།)

རྒྱལ་ས་ལྷ་སས་གཙོས་པའི་བོད་ས་ཡོངས་སུ་རིག་གནས་གསར་བརྗེའི་ལས་འགུལ་འདི་རྒྱ་ཁྱབ་ཏུ་སྤེལ་ཆེད། གཞུང་གི་རླུང་འཕྲིན་དང་ཚགས་པར་གྱིས་ཀྱང་སྐུལ་སློང་བྱས་ཡོད། ༡༩༦༦ ལོའི་ཟླ་བ་བརྒྱད་པའི་ནང་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་མདུན་ངོས་སུ་ལྷ་སའི་དམར་སྲུང་དམག་གིས་རྙིང་པ་གཏོར་བའི་ལས་འགུལ་སྤེལ་བའི་གནས་ཚུལ་བསྟུད་མར་བཀོད་ཡོད།

འདི་ལྟར་རིག་གནས་གསར་བརྗེའི་ལས་འགུལ་འདི་དབུས་ཀྱི་བཀའ་བཀོད་བྱས་པ་ནས་ས་གནས་སོ་སོའི་ལས་ཁུངས་དང་། སློབ་གྲྭ། དེ་ནས་ཁྲོམ་གཞུང་དང་ཁྱིམ་ཚང་རེ་རེའི་བར་ཁྱབ་པར་བྱས་པ་དང་། བོད་མིའི་འཚོ་བའི་ནང་གི་རྒྱུན་ལྡན་གྱི་དད་མོས་དང་གོམས་སྲོལ་ཁག་ཆབ་སྲིད་ཀྱི་ལས་འགུལ་འདིའི་ཁྲོད་དགག་པ་བྱ་ཡུལ་གཙོ་བོར་གྱུར་ཡོད།

ཡང་བོད་ནང་གི་རིག་གནས་གསར་བརྗེ་ལས་འགུལ་འདི་མུ་གེའི་སྒང་ལ་ཟླ་ལྷག་ཟེར་བའི་དཔེ་བཞིན་སྲིད་དབང་དང་སྤྱི་ཚོགས་ལ་མི་འདོད་བཞིན་དུ་འགྱུར་བ་ཆེན་པོ་ཞིག་བཏང་ཟིན་པའི་ཐོག་པེ་ཅིང་ནས་སྐུལ་སློང་བྱས་པའི་ལས་འགུལ་དེས་བོད་མིའི་རིག་གཞུང་དང་དད་མོས། བོད་མིའི་འཚོ་བ་བཅས་དམིགས་འབེན་དུ་བཟུང་ཡོད།

རྙིང་པ་བཞི་གཏོར་བའི་འབོད་ཚིག་གི་འོག་ཏུ་བོད་ཀྱི་དགོན་པ་དང་བོད་མིའི་ཁྱིམ་ཚང་རེ་རེའི་ནང་ཇི་ལྟར་ལག་བསྟར་བྱས་པ་དང་། བོད་མི་སྒེར་གྱི་ཐོག་གང་བྱུང་མིན་སོགས་ཀྱི་གནས་ཚུལ་ཁག་ལེ་ཚན་གཉིས་པའི་ནང་ངོ་སྤྲོད་ཞུ་རྒྱུ་ཡིན།