༧བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་བོད་ཁམས་སྡེ་དགེར་ཕེབས་པ་འདི་ཆོས་མཇལ་ཁོ་ནའི་ཆེད་དུ་ཡིན་པ་གསུངས་འདུག
སྒྲུབ་བརྒྱུད་བསྟན་པའི་སྒྲོན་མེ་༧བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་ཉིན་གྲངས་ཁ་ཤས་སྔོན་བོད་ཀྱི་ཁམས་སྡེ་དགེ་ཁུལ་དུ་ཕེབས་ཡོད་པ་བརྙན་མང་དག་ཅིག་སྤྱི་ཚོགས་དྲྭ་ལམ་དུ་མཇལ་རྒྱུ་བྱུང་ཡོད་ཅིང་། འབྲེལ་ཡོད་མི་སྣ་ཞིག་གིས་ད་རེས་རིན་པོ་ཆེ་མཆོག་བོད་ནང་ཕེབས་པ་འདི་རྒྱ་གར་གཞུང་དང་རྒྱ་ནག་གཞུང་གཉིས་ཀའི་མོས་མཐུན་ཡོད་པའི་ཐོག་ནས་ཕེབས་པ་ཞིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་ལ། དེ་བཞིན་བོད་ནང་ནས་པར་ལེན་བྱས་པའི་བརྙན་པར་ལག་སོན་བྱུང་བ་དེ་དག་གི་ནང་། བོད་མི་སེར་སྐྱ་མང་ཚོགས་སྟོང་ཚོ་བརྒལ་བས་ལག་དུ་མཇལ་དར་སོགས་བསྣམས་ཏེ་རིན་པོ་ཆེ་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་ངང་ཕེབས་བསུ་གཟབ་རྒྱས་ཞུས་འདུག
རིན་པོ་ཆེ་མཆོག་ད་རེས་བོད་ཁམས་སྡེ་དགེ་ཁུལ་དུ་ཕེབས་པ་ནི་གཙོ་བོ་གདན་ས་དཔལ་སྤུངས་དགོན་དུ་གནས་གཟིགས་ལ་ཕེབས་པ་ཞིག་རེད་འདུག་ལ། སྤྱི་ཚོགས་དྲྭ་ལམ་ཐོག་གྱར་བའི་སི་ཏུ་རིན་པོ་ཆེ་མཆོག་གིས་བོད་ནང་གི་མང་ཚོགས་ལ་བཀའ་གནང་བའི་སྐར་མ་ ༩ དང་སྐར་ཆ་ ༢༣ ཅན་གྱི་སྒྲ་སྒམ་ཞིག་ལག་སོན་བྱུང་པའི་ནང་། འདུ་འཛོམས་ཆེན་པོའི་ཁྲོད་ཚང་ཁ་རྒྱག་པ་སོགས་བྱུང་ན་བྱིས་པ་དང་རྒན་རྒོན་རྣམས་ལ་དཀའ་ངལ་བྱུང་གི་རེད་ཅེས་གསུངས་རེ། ལྷོད་ལྷོད་ངང་ཁོང་གིས་རེ་བ་གནང་བ་ལྟར་དུ་རང་གནས་སུ་ལོག་ཕེབས་དགོས་ཞེས་ཐེངས་དྲུག་གསུངས་འདུག་ལ། ཁོང་ཕེབས་དོན་དེ་ཡང་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ན་ལས་གཞན་གང་ཡང་མེད་པས་མ་འོངས་སླར་ཡང་ཕེབས་ཐུབ་རྒྱུའི་ཕྱོགས་གཉིས་ཀ་ནས་སྨོན་ལམ་འདེབས་དགོས་པ་ཡང་གསུངས་འདུག
དེ་ཡང་རིན་པོ་ཆེ་མཆོག་གིས་གསུངས་དོན་དུ། “དེ་རིང་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ལ་ཕྱོགས་མཐའ་གྲུ་ནས་ཕེབས་པའི་མཆོག་སྤྲུལ། བླ་མ། མཁན་པོ། དད་ལྡན་མི་མང་བསམ་གྱིས་མི་ཁྱབ་པ་མང་པོ་ཕེབས་འདུག ཁྱེད་རྣམ་པ་ཕེབས་ནས་དེ་རིང་ང་ཚོ་འདིར་མཇལ་བར་ང་སེམས་ཤིན་ཏུ་ནས་དགའ་ཚོར་ཆེན་པོ་བྱུང་། ཡིན་ན་ཡང་ད་རེས་ང་འདིར་ཡོང་རྒྱུ་དེ་ལོ་ ༣༥ རྗེས་ལ་ཡོང་བ་ཡིན། ད་རེས་ང་འདིར་ཡོང་རྒྱུ་དེ་ལ་འབད་བརྩོན་མང་པོ་བྱས། འབྲེལ་བ་མང་པོ་བྱས་ནས་དོན་དག་སྙིང་པོ་དེ་ང་རང་གདན་ས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དང་ཡན་ལག་གཅིག་གཉིས་ཤིག་ལ་ད་ལོ་ཆོས་མཇལ་ལྟ་བུ་དང་། སྨོན་ལམ་ལྟ་བུར་གདན་ས་འདིར་ཆོས་མཇལ་ཆེད་དུ་ཡོང་བ་ཡིན་ཞེས་དང་། གནས་ཡོད་ཚང་མས་གོ་སྐབས་གནང་བ་རེད། གོ་སྐབས་ཐོབ་པ་རེད། ལོ་ ༣༥ ཡོང་མ་ཐུབ་པ་རེད་པ། ད་ལོ་འདིར་ཡོང་ཐུབ་དུས་སེམས་དགའ། དེ་ཡང་ང་རང་མི་གཅིག་གི་གང་ཡང་མ་རེད། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས། དེ་ནས་ཚང་མའི་དོན་དུ་རེད། དེར་བརྟེན་ཚང་མའི་སྐུ་བསོད་དབང་ཐང་། བསོད་ནམས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་ཡིད་ཆེས་བརྒྱ་ཆ་ ༡༠༠ ཡོད་” ཅེས་གསུངས་འདུག
གོང་གི་སྒྲ་སྒམ་དེའི་ནང་གསུངས་པ་བཞིན། རིན་པོ་ཆེ་མཆོག་ཐེངས་འདིར་བོད་ཁམས་སྡེ་དགེར་ཕེབས་དོན་དེ་ཡང་དཔལ་སྤུངས་མགོན་པར་ལོ་ ༣༥ རྗེས་ཆོས་མཇལ་དུ་ཕེབས་པ་ཞིག་ཡིན་འདུག་ཀྱང་། བོད་ཀྱི་ས་གནས་གང་ས་ནས་གྲྭ་བཙུན་དང་མང་ཚོགས་བརྒྱ་ཕྲག་མང་པོ་ཞིག་ཁོང་མཇལ་ཁར་ཕེབས་ཡོད་འདུག
རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་གསུངས་པའི་བཀའ་སློབ་ནང་ད་དུང་། “ཐེངས་འདིར་ངས་ཁྱེད་རང་ཚོ་ལ་དམིགས་བསལ་གྱི་ལབ་རྒྱུ་གང་ཡོད་ཟེར་ན། མི་མང་པོ་དེ་འདྲ་འཛོམས་ཚར་དུས་འདིའི་ནང་ཕྲུ་གུ་ཆུང་ཆུང་དང་རྒས་པོ་རྒས་མོ་མང་པོ་ཡོད་ཀྱི་རེད། ནད་པ་མང་པོ་ཡོད་ཀྱི་རེད། གཟུགས་པོ་བདེ་མོ་ཡོད་ཀྱི་མ་རེད། དེ་འདྲའི་ནང་ལ་ཚང་ཁ་བརྒྱབ། འུར་བརྒྱབ་ན་ཁོང་ཚོར་རྐྱེན་ཆག་སྒོ་བྱུང་ན་སྡུག་པོ་རེད། ང་ཚོས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་དགོན་པ་དང་གྲྭ་ཚང་། མི་མང་གི་དད་པ་བཟོ་ཡི་ཡོད་དུས། མི་གཅིག་ལ་གནོད་སྐྱེལ་སོང་ན་ཡང་དཔེ་བསགས་ཚར་བ་རེད། ང་ཚོའི་རྩ་བའི་དམ་བཅའ་དང་དམ་ཚིག་འགལ་སོང་བ་རེད། དེ་འདྲ་མ་འགལ་བའི་ཆེད་དུ་ཁྱེད་རྣམ་པ་ལྷོད་ལྷོད་བཞུགས། དེ་རིང་འདིར་ང་འདིར་ཡོང་སྐབས་མཛད་སྒོ་དང་དབང་གནང་རྒྱུ། ཆོས་བཤད་རྒྱུ་དེ་ཚོའི་གྲས་དེ་མེད་པ་རེད། དུས་ཚོད་ཐུང་ཐུང་མ་གཏོགས་མེད་རེད་པ། བཟོ་ལོང་ཡོད་མ་རེད། དེ་ནས་ང་རྒྱ་གར་འཕགས་པའི་ཡུལ་ལ་འགྲོ་དགོས་རེད། དུས་ཚོད་ཐུང་ཐུང་ནང་མཛད་སྒོ་གཞན་གཅིག་གང་ཡོད་མ་རེད། ཡིན་ནའང་ཁྱེད་རྣམ་པ་བསླེབས་ཚར་ཡིན་དུས། ཁྱེད་རྣམ་པ་ཡོང་རྒྱུ་དེ་ཆོས་ཀྱི་རེ་བ་བྱས་ནས་ཡོང་བ་ཞིག་ཡིན་དུས་ཁྱེད་རྣམ་པར་ངས་བཀའ་བསྒོ་གཅིག་འདོན། དེའི་ནང་སྐྱབས་འགྲོ་དང་སེམས་བསྐྱེད་ཚང་མ་ཚུད་བསྡད་ཡོད་རེད། དེ་ནས་ཁྲུས་བཞེས། ང་ཚོ་ཚང་མར་ཁྲུས་དགོས་རེད་པ། ཁྲུས་དེ་ལུས་པོར་ནད་མེད་པ་སེམས་ལ་སྡུག་བསྔལ་མེད་པ། བྱ་བ་ལམ་འགྲོ་ཡོང་བ། ཚེ་འདི་དང་སྐྱེ་བ་ཕྱི་མར་དག་པའི་ཞིང་དུ་སྐྱེས་བ་ལ་སོགས་པའི་ཆོས་ཀྱི་སྙིང་པོ་ཆ་ཚང་འགྲུབ་ཆེད་ཁྲུས་བཞེས་རྒྱུ་རེད། ཁྲུས་དེ་ཡང་ཆུ་རེད། ཆུ་དེར་རང་བཞིན་གྱིས་ཆ་ཚང་གཙང་མ་བཟོ་ཐུབ་པའི་ནུས་པ་ཆེན་པོ་ཡོད་རེད། ཆུ་མེད་ན་ང་ཚོ་འཚོ་ཐུབ་ཀྱི་མ་རེད་པ། དེར་བརྟེན་ཁྱེད་རྣམ་པ་ལྷོད་ལྷོད་ཀྱིས་བང་སྒྲིག་ནས་ཁ་ནས་མ་ཎི་དང་བཛྲ་གུ་རུ། སྐྱབས་འགྲོ་སོགས་འདོན། འུར་སྒྲ་མ་བྱེད་པར་ལྷོད་ལྷོད་ངང་ཚང་མ་བང་སྒྲིག་ནས་འགྲོ་སར་ལྷོད་ལྷོད་འགྲོ དེ་འདྲ་བྱེད་ནས་བཀྲ་ཤིས་ལོ་ལེགས་ངང་ངས་ཁྱེད་ཚོ་མཐོང་ཡོད་རེད། ཁྱེད་ཚོས་ང་མཐོང་ཡོད་རེད། ངས་ཁྱེད་རང་ཚོ་ཚང་མར་ལམ་སེང་ཡག་པོ་བཟོ་མི་ཐུབ་ཀྱང་དགེ་སློང་ཞིག་རེད། བླ་མ་གོང་མ་རྣམ་པའི་བྱིན་རླབས་ཡོད་རེད། དེར་བརྟེན་ངས་སྨོན་ལམ་ཡག་པོ་བཏབ་ནས་ཁྱེད་རྣམ་པ་ཚང་མ་ཚེ་རིང་པོ་དང་ནད་མེད་པ། སྐྱིད་པོ་ཡོང་ནས་ཡུལ་ལུང་པ་ཐམས་ཅད་ལ་ཞི་བདེ། བདེ་སྐྱིད་ཕུན་སུམ་ཚོགས་པ། འཛམ་གླིང་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་བ་ཤོག་ཅེས་སྨོན་ལམ་བཏབ་ཡོད། ཁྱེད་ཚོས་ཀྱང་འུར་མི་བྱེད་པར་སྨོན་ལམ་བཏབ། སེམས་པ་ལྷོད་ལྷོད་བྱོས། དེ་ནས་གོ་སྒྲིག་ཡོད་པ་ལྟར་དུ་སྡོད་སར་འགྲོ། དེ་ཚར་དུས་དེ་རིང་ཁྱེད་རང་ཚོ་གྲ་སྒྲིག་ནས་སོ་སོའི་ཚུར་ཕེབས་ཡོང་སའི་དགོན་པ་དང་ཡུལ་གང་ནས་ཡིན་ཡང་དེར་ཕེབས། ཡག་པོ་བཀྲ་ཤིས་ལོ་ལེགས་ངང་ཕེབས་སོང་། དེ་བྱེད་ན་མགོ་དཀར་པོ་གཟུགས་པོ་དཀར་པོ། རྔ་མ་དཀར་པོ། བཀྲ་ཤིས་བདེ་ལེགས་ཡོང་གི་རེད་ ”ཅེས་གསུངས་འདུག
རིན་པོ་ཆེ་མཆོག་གིས་མུ་མཐུད་གསུངས་དོན་དུ། “ངས་ཁྱེད་རང་ཚོ་ལ་བསླབ་བྱ་ཟེར་ན་འདྲ་རེ་འདུན་ཟེར་ན་དེ་ཡིན། ཁྲུས་ཚར་དུས་སོ་སོའི་ལུང་པར་ཕེབས་སོང་། ས་ཆ་ཆུང་ཆུང་འདིའི་ནང་ལ་མི་མང་པོ་ཚང་ན་དཀའ་ལས་ཡོད་རེད། ཆམ་པ་ན་ན་ལོ་རྒས་པོ་རྒས་མོ་རྣམས་དཀའ་ལས་མྱང་གི་རེད། དེ་ཚོ་སྡིག་པ་རེད། སོ་སོའི་ས་ཆར་ལོག་ཕེབས་སོང་། ཚེ་རིང་ལོ་བརྒྱ་དཀོན་མཆོག་གསུམ་གྱིས་སྐྱོབས་བླ་མས་སྐྱོབས། ཁྱེད་རང་ཚོ་མ་འོངས་ང་ལྷོད་ལྷོད་བྱས། ང་སྔོན་མ་ཡང་ཡོང་ཡིན་པ་་་་དབང་འདོན་ཡིན་པ་ཆོས་བཤད་ཡིན་པ་་་་ མ་འོངས་པར་ཡང་དེ་ནང་བཞིན་ཡོང་བའི་སྨོན་ལམ་དང་ཡིད་ཆེས་དང་རེ་བ་ཡོད། ཡོང་གི་རེད་ཁྱེད་ཚོ་ཡང་སྨོན་ལམ་ཡག་པོ་བརྒྱབ། ང་ཚོར་ཆོས་ཀྱི་དོན་དག་མ་གཏོགས་གཞན་གྱི་ལས་ཀ་སྣེ་གཅིག་མེད་པ། དེར་བརྟེན་ཁྱེད་ཚོས་དེ་ནང་བཞིན་བསམ་བློ་བཏང་། ལེགས་སོ། བདག་དང་སེམས་ཅན་ཐམས་ཅན་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བའི་བྱིན་གྱིས་བརླབ་ཏུ་གསོལ། ལམ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། འཁྲུལ་པ་ཡིད་ཤེས་སུ་བྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ཚང་མ་དམ་ཚིག་སྲུངས་། དམ་ཚིག་ཟེར་དུས་ངས་རེ་བ་བྱས་པ་ཁྱེད་རང་ཚོ་ལ་ལབ་དུས་ཁ་ལ་ཉན་ཤོག རྗེས་མ་སླར་ཡང་ཐུག་གི་རེད།” ཅེས་གསུངས་འདུག
སྤྱི་ཚོགས་དྲྭ་ལམ་དུ་ཐོན་པའི་བརྙན་ཐུང་ཞིག་གི་ནང་སི་ཏུ་རིན་པོ་ཆེའི་བཞུགས་གནས་ཀྱི་དགོན་པའི་ཕྱི་རོལ་གྱི་ལམ་དུ་དཀར་རྟགས་ཀྱིས་བཀྲ་ཤིས་རྟགས་བརྒྱད་བྲིས་བཞིན་པ་དང་། ནམ་མཁར་འཇའ་མཚོན་ཤར་བ་ཡང་མངོན་རྒྱུ་འདུག
བོད་ཁམས་སྡེ་དགེར་ཆགས་པའི་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དགོན་པ་ནི། སྤྱི་ལོ་ ༡༧༠༠ ལོར་མདོ་ཁམས་སྡེ་དགེ་ཨ་ལོའི་ཡུལ་དུ་འཁྲུངས་པ་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་༸མ་ཧཱ་པཎྜི་ཏ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་མཆོག་གིས་ཕྱི་ལོ་ ༡༧༢༧ ལོར་མདོ་སྔགས་རིག་གནས་ཆ་ལག་དང་བཅས་པའི་དཔལ་ཀུན་སྤུངས་པའི་གདན་ས་ཆེན་པོ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཕྱག་བཏབ། དེའི་ཆ་ལག་ཏུ་དཔལ་སྤུངས་ལྔ་རིག་སློབ་གླིང་ཆེན་མོ་ཞེས་ཐུན་མིན་ནང་དོན་རིག་པ་དང་། ཐུན་མོང་སྒྲ་སྙན་བརྡ་སྤྲོད། བཟོ་གསོ་རྩིས་རིག་སོགས་སློབ་གཉེར་གྱི་བསྟི་གནས་གསར་དུ་བཙུགས་ཏེ་གཞིས་བྱེས་སློབ་ཚོགས་མཁས་དབང་རིམ་ཐོན་གྱིས་བོད་ཁམས་ཡོངས་ལ་རིག་གནས་ཀྱི་ཞབས་འདེགས་རྒྱ་ཆེན་སྒྲུབ་པ་ནས་བཟུང། ༸ཀྭན་ཏིང་ཏཱའི་སི་ཏུ་སྐུ་ཕྲེང་རིམ་བྱོན་གཙོས་ཡབ་སྲས་བརྒྱུད་པར་བཅས་པས་རྒྱུན་འཁྱོངས་གནང་བའི་མཛད་བཟང་མུ་མཐུད་རྒྱུ་དགོས་གལ་ཆེར་གཟིགས་ཀྱིས། ༸བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་པདྨ་དོན་ཡོད་གྲུབ་པ་མཆོག་གིས་སྤྱི་ལོ་ ༢༠༡༡ ལོར་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུའང་སྨན་དང་རྩིས། བརྡ་སྤྲོད་སོགས་ཐུན་མོང་གི་རིག་གནས་སློབ་གཉེར་གྱི་བསྟི་གནས་གསར་དུ་བཙུགས་གནང་ཡོད་པ་རེད།།
ཁ་སྣོན་གསར་འགོད། འཕྲིན་ལས་ཆོས་སྒྲོན་དང་། བཀྲ་དབང་།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
