ཨ་རིར་རྒྱལ་དོན་ལྟ་སྐོར་ཟིན་རྗེས་ཞི་ཅིན་ཕིང་རྒྱ་ནག་ལ་ཕྱིར་ལོག

བོད་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་ཡོད་མེད་ཡོངས་གྲགས་གསལ་ཁ་མི་འདུག

ཞི་ཅིན་ཕིང་གི་རྒྱལ་དོན་ལྟ་སྐོར་ཟིན་རྗེས་རྒྱ་ནག་ལ་ཕྱིར་ལོག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིར་རྒྱལ་དོན་ལྟ་སྐོར་ལ་འབྱོར་སྐབས་སྲིད་འཛིན་ཊམཔ་མཆོག་དང་ལྷན་གཙོ་བོ་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་དང་། བདེ་འཇགས། མིས་བཟོས་རིག་ནུས། མ་འོངས་འབྲེལ་བ་གོང་འཕེལ་གཏོང་ཕྱོགས་ཐད་གྲོས་མོལ་གནང་པ་ལས། བོད་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་ཡོད་མེད་ཡོངས་གྲགས་གསལ་ཁ་མི་འདུག འོན་ཀྱང་རྒྱལ་ཁབ་གཉིས་ཀྱི་མཐོ་གྲས་དབུ་ཁྲིད་འདི་འདྲ་མཇལ་མོལ་གནང་སྐབས་གྲོས་མོལ་གྱི་རིམ་པ་ཁ་ཤས་གནང་སྲོལ་ཡོད་དུས་སྐབས་དེར་བོད་ཀྱི་གནད་དོན་སྐོར་གླེང་ཡོད་མེད་གསལ་བསྒྲགས་གང་ཡང་གནང་མེད་པ་རེད།

ཨ་རིའི་སྲིད་འཛིན་ཊམཔ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྣམ་གཉིས་སྐུ་ཟླ་དང་ལྷན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་ཡོངས་ཡིག་ཚགས་འགྲེམས་སྟོན་ཁང་དུ་ཕེབས་པ། ༢༠༢༦།༠༩།༢༥
ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀྱིས་ཨ་རིའི་རྒྱལ་ཡོངས་ཡིག་ཚགས་འགྲེམས་སྟོན་ལ་གཟིགས་སྐོར་གནང་པ། ཨ་རིའི་སྲིད་འཛིན་ཊམཔ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྣམ་གཉིས་སྐུ་ཟླ་དང་ལྷན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་ཡོངས་ཡིག་ཚགས་འགྲེམས་སྟོན་ཁང་དུ་ཕེབས་པ། ༢༠༢༦།༠༩།༢༥ (REUTERS)

འགོ་ཁྲིད་གཉིས་ཀྱི་མཇལ་མོལ་དང་བོད་དོན།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། ད་རེས་ཀྱི་དཔོན་རིགས་གཉིས་ཀྱི་མཇལ་མོལ་འདིའི་སྐབས་ཕྱིའི་རྣམ་པའི་ཐོག་ནས་གང་ཙམ་མངོན་རྒྱུ་ཡོད་པ་གང་ཞིག་ལ་ནང་གི་གནད་དོན་ཐོག་ནས་གང་གནང་ཡོད་མེད་དང་གྲུབ་འབྲས་ཇི་ཐོན་གསལ་པོ་མེད་པའི་མཇལ་ཕྲད་ཅིག་ཆགས་བསྡད་འདུག་ཅེས་དང་། བཀའ་མོལ་ག་རེ་གནང་མིན་ཚོད་དཔག་ཞུ་རྒྱུ་ཙམ་ལས་འདི་འདྲ་ཞིག་གནང་ཡོད་རེད་བརྗོད་དཀའ་བར་གྱུར་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བོད་མི་ལས་འགུལ་བའི་སེམས་ཚོར།

ཨ་རིའི་རྒྱལ་སར་རྔམ་སྟོན་ལས་འགུལ་ཆེད་ཆེད་དུ་ཕེབས་པ་བོད་མི་ལས་འགུལ་བ་གཡུང་དྲུང་བསྟན་འཛིན་ལགས་ཀྱིས། བོད་དོན་གླེང་སློང་མ་བྱུང་པ་དེར་ཧ་ཅང་བློ་འཚབ་སྐྱེས་གཞི་ཞིག་དང་། ང་ཚོ་སེམས་སྐྱོ་དགོས་པ་ཞིག་རེད་བསམ་གྱི་འདུག འོན་ཀྱང་བཙན་བྱོལ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོའི་ངོས་ནས་ང་ཚོ་གཞིས་ལུས་བོད་མིའི་མགྲིན་ཚབ་པ་ཞིག་ཆགས་བསྡད་ཡོད་སྟབས་སེམས་ཤུགས་མ་ཆག་པར་མུ་མཐུད་འཐབ་རྩོད་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་བྱུང་།

ཞི་ཅིན་ཕིང་བོད་ལ་རང་དབང་སྤྲོད་དགོས་ཞེས་པའི་འཕྲེད་དར་ཕྱར་ཏེ་ལས་འགུལ་སྤེལ་བ། ༢༠༢༦།༠༩།༢༢
བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཞི་ཅིན་ཕིང་ལ་ངོ་རྒོལ་གནང་སྐབས། ཞི་ཅིན་ཕིང་བོད་ལ་རང་དབང་སྤྲོད་དགོས་ཞེས་པའི་འཕྲེད་དར་ཕྱར་ཏེ་ལས་འགུལ་སྤེལ་བ། ༢༠༢༦།༠༩།༢༢ (SFT)

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡ་སྡེ་ཚན་གྱི་འགན་འཛིན་གཞོན་པ་མ་ཡ་ཝང་ལགས་ཀྱིས། ད་རེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་འདི་རྒྱལ་ཁབ་ཀྱི་སྟོབས་ཤུགས་འཕེལ་རྒྱས་ཆེད་འགོ་ཁྲིད་གཉིས་ཀྱི་གྲོས་མོལ་སྐབས་སྣང་མེད་དུ་བཏང་པ་རེད་ཅེས་བརྗོད་བྱུང་།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཟུར་དང་འཐུས་མི་ནེན་སི་པེ་ལོ་སི་དང་གྲོས་ཚོགས་འཐུས་མི་ཇིམ་མེཀ་གྷོ་ཝཱརཎ་ལགས་ཀྱིས་སྲིད་འཛིན་ཊམཔ་ལ་ཞི་ཅིན་ཕིང་དང་མཉམ་བོད་དོན་གླེང་དགོས་པའི་འབོད་སྐུལ་གནང་པ་དང་། བོད་མི་མང་པོ་ཞིག་ཨ་རིའི་ས་གནས་མང་པོ་ནས་ཕེབས་ཡོད་ལ། ཕ་རན་སི་དང་ཁེ་ན་ཌ་སོགས་ཐག་རིང་ནས་བོད་མི་མང་པོ་ཆེད་དུ་ལས་འགུལ་སྤེལ་ཆེད་སླེབས་འདུག

རྒྱ་ནག་སྲིད་འཛིན་ཞི་ཕྱིར་ལོག

རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་ཕྱི་ཚེས་ ༢༥ ཉིན་ཨ་རིའི་སྲིད་འཛིན་ཊམཔ་ལྷན་རྒྱས་ལ་རྒྱལ་ཡོངས་ཡིག་ཚགས་ཀྱི་འགྲེམས་སྟོན་ཁང་ལ་ལྟ་སྐོར་ལ་ཕེབས་ཏེ་ཨ་རིའི་རྒྱལ་སར་སྲིད་འཛིན་གཉིས་ཀྱི་མཇལ་མོལ་གྲུབ་སྟེ་ཞི་ཅིན་ཕིང་རྒྱ་ནག་ལ་ཕྱིར་བསྐྱོད་བྱས་ཡོད་པ་རེད།

“ཞི་ཅིན་ཕིང་གང་དུ་བསྐྱོད་ཀྱང་དེར་ངོ་རྒོལ་བྱེད་ཀྱི་ཡིན།”

ཞི་ཅིན་ཕིང་ཨ་རིར་མ་འབྱོར་གོང་ནས་བཟུང་ལས་འགུལ་བསྟུད་མར་སྤེལ་མཁན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་སྨིན་ལེགས་ལགས་ཀྱིས་ད་རེས་ལས་འགུལ་མང་པོ་སྤེལ་ཐུབ་བྱུང་ཞེས་དང་། ཞི་ཅིན་ཕིང་གང་དུ་བསྐྱོད་ནའང་ངོ་རྒོལ་བྱེད་ཀྱི་ཡོད། ང་ཚོས་ཉེ་ཆར་ལྡི་ལིར་ཞི་འབྱོར་སྐབས་སྐད་འབོད་དང་ངོ་རྒོལ་བྱས་པ་ཡིན། ལོ་ཤས་གོང་སཱན་ཕ་རན་སིསྐོར་འབྱོར་དུས་ཡང་ང་ཚོས་ངོ་རྒོལ་བྱས་པ་ཡིན། པེ་རིས་དང་། སྦུ་ཌ་པེསཊ་བཅས་གང་དུ་བསྐྱོད་ཀྱང་ཁྱེད་ལ་དགའ་བསུ་མེད་ཅེས་སྐད་འབོད་བྱེད་རྒྱུ་ཡིན་ཞེས་གསུངས་བྱུང་། སྲིད་འཛིན་ཊམཔ་མཆོག་ཕྱི་ཟླ་ ༡༡ ནང་རྒྱ་ནག་གི་ཤན་ཊན་དུ་ཚོགས་རྒྱུའི་ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོའི་ཚོང་དོན་ལྷན་ཚོགས་ཐོག་ལ་ཕེབས་རྒྱུར་ཞི་ཅིན་ཕིང་གིས་མགྲོན་འབོད་ཞུས་ཡོད་པ་རེད།

ཞི་ཅིན་ཕིང་གི་ཨ་རིར་ཕྱོགས་བསྐྱོད་སྐབས་ངོ་རྒོལ་བའི་ཐོག་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཁ་གསལ་དུ་གྱུར་བ།

དེ་ཡང་ཞི་ཅིན་ཕིང་ཨ་རིར་འབྱོར་སྐབས་ངོ་རྒོལ་བྱེད་དུ་འབྱོར་པའི་རྒྱ་རིགས་ཁྲུའན་ཁྲུའང་བྲན་གྱིས། ཁྲུའན་ཁྲུའོང་བྲན་ལ་རྒྱ་ནག་གི་ཉེན་རྟོག་པས་ཁོང་གི་ནང་མི་ཚོར་ཁོང་ཝ་ཤིང་ཊོན་དུ་ཞི་ཅིན་ཕིང་ལ་ངོ་རྒོལ་བྱེད་སར་བསྐྱོད་རྒྱུ་མེད་པའི་ཉེན་བརྡ་བཏང་ཡོད་པ་བརྗོད་བྱུང་ལ། རྒྱ་ནག་ཏུ་ཡོད་པའི་ཁོང་གི་ནང་མིར་གནོད་སྐྱོན་བྱས་མེད་ཀྱང་སྐུལ་མ་བྱས་པ་དེ་བརྒྱུད་ཁོང་ལ་བརྡ་ལན་ཞིག་སྤྲད་ཡོད་པ་དང་། དེས་ཁོང་ལ་འཇིགས་སྣང་རྩ་བ་ནས་མ་བྱུང་ཞེས་བརྗོད་བྱུང་།

བྲན་ཁོང་རང་ཨ་རིར་གནས་སྟེ་་ལོ་ངོ་ ༡༨ སོང་ཡོད་པ་དང་། ལོ་ངོ་བཅུ་ཕྲག་ལྷག་རིང་ཞི་ཅིན་ཕིང་ལ་ཨ་རིར་ཕྱོག་བསྐྱོད་སྐབས་ངོ་རྒོལ་བྱས་འདུག ཡིན་ནའང་རྒྱ་ནག་གཞུང་གི་དྲག་གནོན་དང་གནོན་ཤུགས་ལ་བློ་ཚབས་བྱེད་མཁན་ཁོང་གཅིག་པུ་དེ་མིན་པར་བོད་མི་ཡང་ཡོད་པ་རེད།

ཞི་ཅིན་ཕིང་གི་ཨ་རིའི་ཕྱོགས་བསྐྱོད་སྐབས་ངོ་རྒོལ་བའི་ཐོག་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཁ་གསལ་དུ་གྱུར་བ། ཞི་ཅིན་ཕིང་གི་ཨ་རིའི་ཕྱོགས་བསྐྱོད་སྐབས་ངོ་རྒོལ་བའི་ཐོག་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཁ་གསལ་དུ་གྱུར་བ།

ལྷོ་བྱང་ཨ་རིའི་སྤྱི་ཟུར་དོན་གྲུབ་ཚེ་རིང་ལགས་ཀྱིས་ཕྱི་ཟླ་ ༧ ནང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གསར་པ་དེ་དངོས་སུ་ལག་བསྟར་འགོ་འཛུགས་ཡོད་པས་ཁོང་གིས་ཁྲིམས་ཡིག་ནང་དོན་ཚན་ཁག་གིས་ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཚོར་བློ་ཚབས་ཆེ་རུ་བཏང་ཡོད་ཅེས་བརྗོད་བྱུང་།

རྒྱ་ནག་གིས་ཕྱི་ཟླ་་༧ པའི་ཚེས་ ༡ ཉིན་ལག་བསྟར་འགོ་འཛུགས་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་འོག་ནས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ཚོར་ཉེན་ཁ་ཞིག་ཆགས་ཀྱི་ཡོད་པ་རེད།

བོད་དཀར་མཛེས་ཏྲེ་ཧོར་ནས་ཡིན་པའི་ཚེ་དབང་དོན་གྲུབ་ལགས་ནི། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་སྐབས་མཉམ་ཞུགས་ཀྱིས་ལག་པ་དང་བྲང་ཁོག་ལ་རྒྱ་ནག་གི་ཉེན་རྟོག་པའི་མེ་མདའ་ཕོག་ཡོད་པ་དང་། ལས་འགུལ་འདི་དག་ནང་ཞུགས་རྒྱུའི་ཆེད། བོད་ནང་ཕྱིར་ལོག་བྱེད་རྒྱུ་བློས་གཏོང་གནང་པ་ཞིག་རེད་འདུག

དེ་བཞིན་ཡང་ཕྱི་རྒྱལ་ཁག་ཏུ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི་ཚོར་རྒྱ་ནག་གཞུང་གིས་རྒྱུན་དུ་ལྟ་སྲུང་བྱེད་དེ་གནས་ཚུལ་ཉར་ཚགས་བྱེད་ཀྱི་ཡོད་པ་ར་འཕྲོད་བྱུང་འདུག

ཕྱི་ཟླ་ ༩ ཚེས་ ༢༤ ཉིན་ཞི་ཅིན་ཕིང་དང་ཌོ་ནལཌ་ཊམཔ་གཉིས་ཝ་ཤིང་ཊོན་དུ་མཇལ་འཕྲད་གནང་སྐབས་ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་མེཀ་གྷོ་ཝཱརན་ལགས་ཀྱིས་ Franklin གླིང་གར་ངོ་རྒོལ་གནང་ཡུལ་དུ་གཏམ་བཤད་གནང་སྐབས། རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་ལ་ངོ་རྒོལ་བྱེད་དགོས་ཀྱི་རེད་ཅེས་གསུངས་སོང་།།

ཁ་སྣོན་གསར་འགོད། སྒྲོལ་དཀར།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།་དང་། བསྟན་འཛིན་དོན་ཡོད།

འབྲེལ་ཡོད་གནས་ཚུལ།

“བོད་ནང་རྒྱ་སྒྱུར་གྱི་སྲིད་བྱུས་མཚམས་འཇོག་བྱ་དགོས།”

ཞི་ཅིང་ཕིང་ཨ་རིར་འབྱོར་སྐབས་ཨ་རིའི་སྲིད་འཛིན་ནས་གནམ་ཐང་ལ་ཕེབས་བསུ།

ཞི་ཅིན་ཕིང་ལ་གཞུང་འབྲེལ་གྱི་སྣེ་ལེན་དང་དམངས་ཁྲོད་ཀྱི་ངོ་རྒོལ།

བོད་མི་གཞོན་སྐྱེས་ཤིག་གིས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

སྲིད་འཛིན་ཊམཔ་དང་ཞི་ཅིན་ཕིང་གི་མཇལ་མོལ་སྐབས་བོད་ཀྱི་གནད་དོན་གླེང་པའི་རེ་སྐུལ་གནང་པ།

༧པཎ་ཆེན་རིན་པོ་ཆེ་གློད་དགོས་ཞེས་ཞིའི་ཕྱོཊ་སྐྱོད་གོང་ཨ་རིས་དགོས་འདུན་བཏོན་པ།

ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཁྲོད་ཀྱི་བོད།

“ཊམཔ་དང་ཞིའི་དབར་གྲོས་མོལ་སྐབས་བོད་ནང་གི་ཆོས་དད་རང་དབང་ཐད་གླེང་བའི་གོ་སྐབས་ཡོད།"