འདས་པའི་ལོ་ཤས་ནང་བོད་རང་སྐྱོང་ལྗོངས་དཔོན་རིགས་རིམ་པ་མི་འདྲ་བའི་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་ཚབས་ཆེ་རུ་ཕྱིན་ཡོད་པ་དང་། སྒྲིག་འགལ་ཁྲིམས་འགལ་དང་འབྲེལ་བའི་གྱོད་གཞི་དྲུག་སྟོང་ལྷག་ཐོ་བཀོད་བྱས་འདུག་ལ། ཉེ་ཆར་ཡང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་གི་ཚོགས་གཙོ་གཞོན་པ་ཟུར་པ་ཏིང་ཡེ་ཤན་གྱིས་ལྐོག་ཟ་རུལ་སུངས་དང་སྒྲིག་འགལ་ཚབས་ཆེན་བྱས་པའི་ཉེས་འཛུགས་འོག་རྒྱ་ནག་དམར་ཤོག་ཚོགས་པ་ནས་ཕྱིར་ཕུད་དང་། ཞིབ་དཔྱོད་ཚན་པར་རྩིས་སྤྲོད་བྱས་འདུག
ཕྱི་ཟླ་ ༡༠ ཚེས་ ༩ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་ཀྱིས་གསལ་བསྒྲགས་བྱས་པར། ཏིང་ཡེ་ཤན་གྱིས་དཔོན་གནས་ཀྱི་དབང་ཆ་བེད་སྤྱད་ནས་ལས་གཞིའི་གན་རྒྱ་དང་ཚོང་ལས་གཉེར་སྐྱོང་བཅས་ཀྱི་ཐད་ཁེ་ཕན་སྤྲད་དེ་རྒྱུ་ནོར་འབོར་ཆེན་ཁྲིམས་འགལ་གྱིས་བླངས་པའི་ཉེས་འཛུགས་དང་། དེ་མིན་ཡང་དཔོན་རིགས་འདེམས་བསྐོ་དང་བསྐོ་བཞག་གི་ལས་དོན་ནང་སྒྲིག་འགལ་གྱིས་མི་གཞན་ལ་ཁེ་ཕན་སྤྲད་པ་སོགས་ཀྱི་ཉེས་འཛུགས་བྱས་འདུག
༢༠༢༦ ལོར་བོད་ནང་གི་དཔོན་རིགས་ལ་མུ་མཐུད་ཞིབ་བཤེར།
༢༠༢༦ ལོར་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་དང་གཞུང་འབྲེལ་ཁེ་ལས་ཀྱི་འགན་འཛིན་མང་པོ་ཞིབ་བཤེར་འོག་ཚུད་བཞིན་འདུག་ལ། ཟླ་ ༧ པར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་ཟུར་པ་ཝང་ཅུན་དམར་ཤོག་ཚོགས་པ་དང་གཞུང་གི་གོ་གནས་ནས་ཕུད་པ་དང་། ཟླ་ ༨ པར་བོད་ལྗོངས་ཨར་ལས་དང་འཛུགས་སྐྲུན་རྒྱུ་ཆའི་ཚོགས་པའི་སྤྱི་གཉེར་གཞོན་པ་མ་བིན་ཞིབ་བཤེར་འོག་ཚུད་ཡོད། ཟླ་བ་དགུ་པ་གཅིག་པུའི་ནང་དཔོན་རིགས་དགུ་ཙམ་ལ་སྒྲིག་འགལ་ཁྲིམས་འགལ་ཐོག་ནས་ཞིབ་བཤེར་བྱེད་འགོ་བཙུགས་འདུག
ལོ་གསུམ་གྱི་རིང་བོད་ནང་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ ༦༠༠༠ ལྷག་ཐོ་བཀོད།
༢༠༢༥ ལོའི་ཟླ་ ༧ པར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཝུ་དབྱིང་ཇེ་ལ་རྒྱ་སྒོར་དུང་ཕྱུར་ ༣.༤༣ ལྷག་ལྐོག་ཟ་བྱས་པའི་ནག་ཉེས་འོག་ལོ་གཉིས་ཕྱིར་འགྱངས་ཀྱིས་སྲོག་ཐོག་ཁྲིམས་བཅད་བཏང་ཡོད་ལ། ༢༠༢༦ ལོའི་ཟླ་ ༦ པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚོགས་གཙོ་ཟུར་པ་ཆེ་དགྲ་ལྷར་རྒྱ་སྒོར་དུང་ཕྱུར་ ༡.༥༨ ལྷག་ལྐོག་ཟ་བྱས་པའི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད།
དེ་ལྟར་ཉེ་བའི་ལོ་ཤས་ནང་བོད་རང་སྐྱོང་ལྗོངས་སུ་སྒྲིག་འགལ་ཁྲིམས་འགལ་ཐོག་ལྐོ་ཟ་རུལ་སུངས་ཀྱི་གྱོད་གཞི་མང་པོ་ཐོན་ཡོད་པ་རྒྱ་ནག་གཞུང་ཕྱོགས་ཀྱི་གྲངས་ཐོ་ལས་མཐོང་ཐུབ་པ་ཞིག་རེད་འདུག
བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་ཀྱི་ལོ་རེའི་ལས་དོན་སྙན་ཞུར་གཞིགས་ན། ༢༠༢༣ ལོར་སྒྲིག་འགལ་དང་ཁྲིམས་འགལ་གྱི་གྱོད་གཞི་ ༡༨༠༠ ལྷག་ཐོ་འགོད་བྱས་པ་དང་། ༢༠༢༤ ལོར་གྱོད་གཞི་ ༢༡༠༠ ལྷག་ཙམ་དང་། དེ་བཞིན་ ༢༠༢༥ ལོར་གྱོས་གཞི་ ༢༢༠༠ ལྷག་ཐོ་འགོད་བྱས་ཡོད་འདུག
དེ་ལྟར་བྱས་ན། ལོ་གསུམ་ནང་གྱོད་གཞི་ ༦༡༠༠ ལྷག་ཐོ་འགོད་བྱས་པ་དང་། མི་ ༦༣༠༠ ལྷག་ལ་ཉེས་ཆད་བཏང་ཡོད་འདུག ལྷག་པར་དུ་ ༢༠༢༥ ལོར་རང་སྐྱོང་ལྗོངས་རིམ་པས་དོ་དམ་བྱེད་པའི་དཔོན་རིགས་ ༣༠ ལྷག་ལ་གྱོད་གཞི་བཙུགས་པ་དེ། སྔ་ལོ་ལས་བརྒྱ་ཆ་ ༦༣.༢ འཕར་ཡོད་པ་གཞུང་ཕྱོགས་ནས་བརྗོད་འདུག
འོན་ཀྱང་གྲངས་ཐོ་འདིར་ལྐོག་ཟ་རུལ་སུངས་ཁོ་ན་མ་ཡིན་པར། སྒྲིག་འགལ་དང་ཁྲིམས་འགལ་གྱི་རིགས་གཞན་དག་ཀྱང་ཚུད་འདུག་པས། དེ་རིགས་སྲིད་དོན་དང་འབྲེལ་བ་ཡོད་མེད་ཁ་གསལ་མི་འདུག གྲངས་ཐོ་དེ་ཚོས་ཞིབ་བཤེར་གྱི་གྱོད་གཞི་འཕར་བ་མཚོན་པ་ལས། ལྐོག་ཟ་རུལ་སུངས་དངོས་སུ་ཇི་ཙམ་འཕར་ཡོད་མེད་ཁ་གསལ་མི་འདུག

གསར་སྤེལ་ལས་གཞི་དང་རུལ་སུངས་ཀྱི་འབྲེལ་བ།
བོད་ནང་གི་དཔོན་རིགས་ཁག་གི་གྱོད་གཞིར་བལྟས་ན། ཁག་ཅིག་ནི་གསར་སྤེལ་ལས་གཞིའི་གན་རྒྱ་དང་། གསར་སྤེལ་དང་འབྲེལ་བའི་ས་ཁང་། གཏེར་ཁ་དང་ས་ཆའི་ཁེ་ཕན་སོགས་དང་འབྲེལ་བ་ཡོད་འདུག་ལ།
ཝུ་དབྱིང་ཇེའི་གྱོད་གཞིར་ལས་གཞི་གན་རྒྱ་དང་ཁེ་ལས་གཉེར་སྐྱོང་གི་ཁེ་ཕན་ཚུད་ཡོད་པ་དང་། ཆེ་དགྲ་ལྷའི་གྱོད་གཞིར་ས་ཁང་གསར་སྤེལ་དང་འཛུགས་སྐྲུན་གན་རྒྱ། འཛིན་སྐྱོང་གི་ཆོག་མཆན་སོགས་ཚུད་ཡོད།
དེ་བཞིན་ཝང་ཅུན་གྱིས་གཏེར་ཁ་གསར་སྤེལ་དང་འཛུགས་སྐྲུན་ས་ཆ་ཐོབ་ཐབས་སུ་མི་གཞན་ལ་ཁེ་ཕན་སྤྲད་ནས་རྒྱུ་ནོར་བླངས་པའི་ཉེས་འཛུགས་བྱས་ཡོད།
རྒྱ་ནག་གཞུང་གི་བོད་ནང་ཡོད་པའི་དཔོན་རིགས་ཀྱི་ལྐོག་ཟ་རུལ་སུངས་དང་གསར་སྤེལ་ལས་གཞིའི་བར་འབྲེལ་བ་ཡོད་པ་དེས། གཞུང་གིས་བོད་ནང་སྤེལ་བའི་ལས་གཞི་དེ་དག་གི་ཁེ་ཕན་སུ་ལ་ཐོབ་ཀྱི་ཡོད་མེད་དང་། ས་གནས་བོད་མིར་ཕན་ཐོགས་ཇི་ཙམ་ཡོད་མེད་སོགས་ཀྱི་དྲི་བ་ཡང་ཐོན་གྱི་ཡོད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཁུལ་དུ་འཛིན་སྐྱོང་ཐོག་ལ་དོ་སྣང་ཡག་པོ་བྱེད་ཀྱི་མེད་པའི་རྐྱེན་གྱིས་མི་སྣ་འདི་འདྲ་ཐོན་གྱི་ཡོད་པ་གཅིག་རེད། དེ་མིན་ན་རྒྱ་ནག་གཞུང་གིས་བོད་ལ་འཛུགས་སྐྲུན་ལས་གཞི་བྱེད་ཀྱི་ཡོད་ཟེར་བའི་མཐའ་མའི་གྲུབ་འབྲས་འདི་ལ་ལས་གཞི་འདི་ཡག་པོ་ཡོང་མི་ཐུབ་པ་ནི་མི་སྣ་འདི་ཚོའི་རྐྱེན་གྱི་རེད་ཅེས་དབྱེ་ཞིབ་གནང་གི་འདུག
ཆབ་སྲིད་དང་འཛིན་སྐྱོང་གི་གནས་བབ།
བོད་ནང་མི་མང་གི་ཆབ་སྲིད་དང་ཆོས་དད། གཏམ་བརྗོད་རང་དབང་བཅས་ལ་དམ་དྲག་ཆེ་བའི་གནས་སྟངས་འོག་དཔོན་རིགས་ཀྱི་ལྐོག་ཟ་རུལ་སུངས་དང་དབང་ཆ་ལོག་པར་བེད་སྤྱོད་བྱས་པར་མི་མང་གིས་ལྟ་རྟོག་དང་གཏུག་བཤེར་བྱེད་ཐུབ་མིན་ཡང་གནད་དོན་གལ་ཆེན་ཞིག་ཆགས་ཡོད།
བུ་ཆུང་ཚེ་རིང་ལགས་ཀྱིས་མུ་མཐུད་གསུངས་པར། དམར་ཤོག་ཚོགས་པའི་དབང་འཛིན་འོག་ལ་བོད་ས་ཁུལ་གྱི་ལས་འཆར་དང་འཛིན་སྐྱོང་བྱེད་སྟངས་འདི་མི་དམངས་ཀྱི་དགོས་མཁོ་དང་མི་དམངས་ཀྱི་འདོད་བློ་གཞི་བཟུང་འགྲོ་ཐུབ་ཀྱི་མེད་པ་ཞིག་མངོན་གྱི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཉེ་ཆར་ཞིབ་བཤེར་འོག་ཚུད་པའི་དཔོན་རིགས་མང་པོ་ནི་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་ཚོགས་མི། གཞུང་འབྲེལ་གྱི་ཁེ་ལས་ཚན་པའི་འགན་འཛིན་ཆགས་ཀྱི་ཡོད།
རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་བྱེད་མཁན་རྩད་གཅོད་བྱས་དེ་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་དང་འཛིན་སྐྱོང་སྲ་བརྟན་བཟོ་བའི་ལས་འགུལ་དུ་འཇུག་པར་འགྲེལ་བརྗོད་བྱེད་ཀྱི་ཡོད།
འོན་ཀྱང་བོད་ནང་གི་མཐོ་རིམ་དཔོན་རིགས་ནས་གཤམ་འོག་བར་ཞིབ་བཤེར་གྱི་གྱོད་གཞི་མང་པོ་ཐོན་པ་དེས་འཛིན་སྐྱོང་ལམ་ལུགས་དང་དབང་ཆའི་འཐབ་རྩོད་ནང་དཀའ་ངལ་གང་མཚོན་མིན་ཐད་དྲི་བ་ཡང་ཐོན་གྱི་ཡོད།
བུ་ཆུང་ཚེ་རིང་ལགས་ཀྱིས་གསུངས་པར། རང་སྐྱོང་ལྗོངས་ལྟ་བུའི་འགོ་ཁྲིད་མཐོ་ཤོས་ནས་གཤམ་འོག་བར་རིམ་པ་སྣ་ཚོགས་ཀྱི་མི་སྣ་བར་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་འདུག འདི་ཚོ་བོད་ས་ཁུལ་གྱི་སྒྲོམ་གཞི་དེ་རང་རུལ་པ་ལྟ་བུ་ཞིག་ཡོད་པར་ངོས་འཛིན་བྱེད་ཆོག་པ་འདུག ཆབ་སྲིད་ཀྱི་གནས་ཚུལ་དེ་ཚོ་འཁྱེར་ཡོང་ན་དེ་ལས་སྡུག་པ་ཞིག་ཡོད་ཅེས་གསུངས་བྱུང་།

ལྐོག་ཟ་རུལ་སུངས་དང་བོད་མིའི་འཚོ་བ།
བོད་ནང་གི་བོད་མིའི་ངོས་ནས་དཔོན་རིགས་ལ་ཉེས་ཆད་གང་བཏང་བ་ཙམ་མ་ཡིན་པར་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་དེ་དག་གིས་མི་མང་གི་འཚོ་བར་ཤུགས་རྐྱེན་གང་འདྲ་ཐེབས་ཡོད་མེད་ཀྱང་གལ་ཆེན་པོ་ཆགས་ཡོད་ལ།
ལྷག་པར་དུ་གསར་སྤེལ་དང་འཛུགས་སྐྲུན་གྱི་ལས་གཞི་ཁག་ནང་། ས་ཆའི་གུན་གསབ་དང་། ལས་ཀའི་གོ་སྐབས། གཞུང་གི་དངུལ་རྩིས། ས་གནས་ཀྱི་མི་མང་ལ་ཁེ་ཕན་ཇི་ཙམ་ཐོབ་ཡོད་མེད་སོགས་ཀྱི་ཐད་ཕྱི་གསལ་ནང་གསལ་དགོས་ཀྱི་ཡོད།
འོན་ཀྱང་གཞུང་འབྲེལ་གྱི་གསལ་བསྒྲགས་ཁག་ཏུ་དཔོན་རིགས་ཀྱིས་རྒྱུ་ནོར་ཇི་ཙམ་ལྐོག་ཟ་བྱས་པ་དང་། ས་གནས་མི་མང་ལ་གྱོང་གུན་གང་བྱུང་བ། གནོད་སྐྱོན་དེ་དག་ལ་གུན་གསབ་ཡོད་མེད་སོགས་གྱོད་གཞི་ཚང་མའི་ཐད་གནས་ཚུལ་ཁ་གསལ་གང་ཡང་བཀོད་མི་འདུག
བུ་ཆུང་ཚེ་རིང་ལགས་ཀྱིས་མུ་མཐུད་གསུངས་པར། ད་ལྟ་དཔོན་རིགས་ལྐོག་ཟ་བྱེད་མཁན་མང་དུ་ཕྱིན་པ་འདིས་བོད་ཀྱི་ས་ཁུལ་དུ་འཛིན་སྐྱོང་གི་སྒྲོམ་གཞི་བརྟན་པོ་མེད་པ་དང་། ཡང་ན་དྲང་བདེན་མེད་པ་ཞིག་ལ་རྩིས་དགོས་ཀྱི་ཡོད། དེ་མིན་འཇོན་ཐང་མེད་པའི་མི་སྣ་ཤ་སྟག་བསྐོ་བཞག་བྱེད་ཀྱི་ཡོད་པར་རྩིས་རྒྱུ་རེད་ཅེས་བརྗོད་བྱུང་།
མཇུག་བསྡོམས།
རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་རྩད་གཅོད་བྱས་པ་དེ་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་དང་གཞུང་གི་འཛིན་སྐྱོང་སྲ་བརྟན་བཟོ་བའི་ལས་འགུལ་ཞིག་ཏུ་འགྲེལ་བརྗོད་བྱེད་བཞིན་ཡོད། འོན་ཀྱང་བོད་རང་སྐྱོང་ལྗོངས་ནང་མཐོ་རིམ་དཔོན་རིགས་ནས་ས་གནས་རིམ་པ་བར་གྱི་འགོ་ཁྲིད་དང་ལས་བྱེད་ནང་མུ་མཐུད་གྱོད་གཞི་ཐོན་བཞིན་པ་དེས། ལྐོག་ཟ་རུལ་སུངས་རྩད་གཅོད་ཀྱི་ནུས་པ་དང་། དབང་ཆའི་ལྟ་ཞིབ། གསར་སྤེལ་ལས་གཞིའི་ཁེ་ཕན་བཅས་ཀྱི་ཐད་དྲི་བ་མང་པོ་ཡོང་གི་ཡོད།
ལྷག་པར་དུ་དཔོན་རིགས་ཀྱི་ལྐོག་ཟ་རུལ་སུངས་གྱོད་གཞི་དེ་དག་གིས་བོད་ཀྱི་གསར་སྤེལ་དང་འཛུགས་སྐྲུན་གྱི་ལས་གཞིའི་གྲུབ་འབྲས་དང་། ས་གནས་མི་མང་གི་འཚོ་བར་གནོད་སྐྱོན་ཇི་ཙམ་བཟོས་ཡོད་མེད་ཐད་ད་དུང་ཞིབ་འཇུག་དང་གསལ་བཤད། ལས་དོན་ཁག་ཕྱི་གསལ་ནང་གསལ་དགོས་པར་གྱུར་ཡོད།།
