རྒྱ་ནག་གི་རྒྱལ་སྟོན་གུང་གསེང་རིང་བོད་དུ་ཡུལ་སྐོར་ལ་ཡོང་མཁན་མང་པོ་ཡོད་པའི་ཐོག་ཕོ་བྲང་པོ་ཏ་ལར་དམིགས་ནས་ཡོང་མཁན་རྒྱ་ནག་གི་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོད་པས། ཕོ་བྲང་པོ་ཏ་ལའི་ཕོ་བྲང་གི་ཐང་ཆེན་དང་ཉེ་ཁོར་དུ་པར་ལེན་དང་མི་ཚོགས་འཛོམས་སར་དམ་དྲག་དང་ཐོ་བཀོད་ཀྱི་འདྲི་རྩད་བྱས་་འདུག་ལ། ༧རྒྱལ་བའི་ཕོ་བྲང་ལ་སྐུ་དཀར་གསོལ་གྱི་ཡོད་པ་དེར་མང་ཚོགས་མཉམ་ཞུགས་མི་ཆོག་པ་བཟོས་འདུག
ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་པར་ལེན་བྱས་པ་དང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ས་ཚིགས་སུ་ཁྲིད་ནས་ཐོ་བཀོད་བརྟག་དཔྱད་བྱེད་ཀྱི་ཡོད་པ་དང་། ཉིན་རེ་ལས་ཉིན་རེ་དམ་དྲག་ཆེ་བ་ཡོད་པའི་ཚོར་སྣང་ཡོང་གི་ཡོད་པའི་ཐོག་མཉམ་དུ་པར་ལེན་ན་ཡང་ཇ་འཐུང་བར་ཁྲིད་པ་ཟེར་ཉེན་རྟོག་པས་འདྲི་རྩད་བྱེད་ཀྱི་ཡོད་པ་བརྗོད་ནས་དོན་དངོས་ཐོག་ཉེ་བའི་ལོ་ཤས་རིང་མང་ཚོགས་ཧ་ཅང་མང་པོས་ཕོ་བྲང་པོ་ཏ་ལ་དང་དེའི་ཉེ་ཁོར་དུ་འཕྲེད་དར་འཕྱར་ནས་འདྲ་པར་བརྒྱབ་པའི་དབང་གིས་ཉེན་རྟོག་པས་འདྲི་རྩད་དང་ས་ཆ་འདི་ནས་ཕྱིར་ཕུད་བཏང་བའི་གནས་ཚུལ་ཐོན་མྱོང་ཡོད་པ་སོགས་ཀྱི་སྐོར་Yesterday ཟེར་ཁ་ས་ཞེས་པའི་དྲ་ཚིགས་ཀྱིས་ཟླ་ ༡༠ ཚེས་ ༡༧ ཉིན་བརྙན་དང་བཅས་པའི་གནས་ཚུལ་སྤེལ་འདུག་ལ། མུ་མཐུད་བརྗོད་པར། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྒྱ་མི་ཡུལ་སྐོར་བར་ཞིབ་བཤེར་བྱས་པའི་གནས་ཚུལ་འདི་ཟླ་ ༡༠ ཚེས་ ༡ ཉིན་ཐོན་པ་ཞིག་དང་། སྤྱི་ཚོགས་དྲ་ལམ་ཐོག་བོད་དུ་ཡུལ་སྐོར་ལ་སྐྱོད་མཁན་ཚོས་བགྲོ་གླེང་བྱས་པའི་ནང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མེ་ལྕགས་ཀྱང་འཁྱེར་མི་ཆོག་པ་དང་། ཐང་ཆེན་གྱི་ཕྱི་སྐོར་དུ་དྲ་གྲོགས་མང་པོས་པར་ལེན་བྱེད་སར་ད་ཆ་པར་ལེན་བྱེད་ཆོག་གི་མི་འདུག་ཅེས་བརྗོད་མཁན་ཡང་བྱུང་འདུག ཡང་བརྙན་གྱི་ནང་འཕྲེད་དར་འཁྱེར་ནས་པར་ལེན་བྱེད་སྐབས་ཉེན་རྟོག་པས་བཀག་འགོག་བྱས་པ་དང་། རྣོ་ངར་གྱི་ས་ཁུལ་ལ་འདི་འདྲ་བྱ་མི་རུང་བ་དང་། མི་སེར་གྱི་ཐོབ་ཐང་ལག་འཁྱེར་ཡོད་དམ་ཐོ་བཀོད་བྱ་དགོས་ཞེས་ཉེན་རྟོག་པས་བརྗོད་པ་བརྙན་ནང་དུ་མཐོང་རྒྱུ་འདུག

༧རྒྱལ་བའི་ཕོ་བྲང་པོ་ཏ་ལའི་སྐུ་དཀར་གསོལ་བར་མང་ཚོགས་བཀག་འགོག
ཉེ་ཆར་ཕོ་བྲང་པོ་ཏ་ལའི་དོ་དམ་ལས་ཁུངས་ཀྱིས་ ༢༠༢༦ ལོའི་ཕོ་བྲང་ལ་སྐུ་དཀར་གསོལ་བའི་ལས་ཀའི་ཐད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་ད་ལོ་ནས་མང་ཚོགས་དང་སྤྱི་ཚོགས་ཐོག་གི་ཚོགས་པས་སྐུ་དཀར་གསོལ་བའི་ལས་ཀར་མཉམ་ཞུགས་མི་ཆོག་པ་དང་། ཕོ་བྲང་པོ་ཏ་ལ་ནི་འཛམ་གླིང་རིག་གནས་ཤུལ་བཞག་དང་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོང་ས་གནས་ཡིན་པས། གང་ཅིའི་བདེ་འཇགས་དང་སྐུ་དཀར་གསོལ་བའི་སྤུས་ཚད་བཅས་ལ་གཞིགས་ནས་ད་ལོའི་སྐུ་དཀར་གསོལ་བའི་ལས་ཀ་ཕོ་བྲང་གི་ཉམས་གསོ་རུ་ཁག་དང་ཕྱོགས་གསུམ་པའི་ཆེད་ལས་ཚོགས་པ་ཁོ་ནས་བྱ་རྒྱུ་ཡིན་པ་བརྗོད་འདུག
འོན་ཀྱང་རང་གི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་བོད་ནང་གི་བོད་མིས་བརྗོད་པར། ལོ་ལྟར་སྐུ་དཀར་གསོལ་བའི་ལས་ཀ་ཕོ་བྲང་གི་ཆེད་ལས་པའི་བཀོད་སྒྲིག་འོག་སྤེལ་བ་དང་། མང་ཚོགས་ཀྱིས་གཙོ་བོ་དཀར་རག་དབོར་བ་དང་བདེ་འཇགས་ཀྱི་གནས་སྟངས་འོག་སྐུ་དཀར་གསོལ་གྱི་ཡོད་པ་དང་། ཉེ་བའི་ལོ་ཤས་ནང་བོད་ཀྱི་ས་ཁུལ་མང་པོ་ནས་བོད་མི་རྒན་གཞོན་མང་པོ་ཆེད་མངགས་ལྷ་སར་ཡོང་ནས་༧རྒྱལ་བའི་ཕོ་བྲང་ལ་སྐུ་དཀར་གསོལ་བའི་ལས་ཀར་དྭང་བླངས་མཉམ་ཞུགས་བྱེད་པ་དེ་ཆོས་དད་དང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གལ་ཆེའི་བྱེད་སྒོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་རེད་ཅེས་དང་། ད་ལྟ་གཞུང་གིས་བོད་མིའི་བྱེད་སྒོ་མང་པོ་ཞིག་བོད་ཞེན་འཕེལ་བའི་ནུས་པ་ཡོད་པར་ངོས་འཛིན་གྱིས་བོད་མི་འདུ་འཛོམས་མང་སའི་བྱེད་སྒོ་ཁག་དང་། དམིགས་བསལ་ཆོས་ཕྱོགས་ཀྱི་བྱེད་སྒོ་སོགས་མང་པོར་བཀག་འགོག་བྱེད་པ་དང་མཉམ་དུ་སྤྱི་ཚོགས་དྲ་ལམ་ཐོག་བོད་པའི་སྤྱི་ཚོགས་ནང་བྱེད་སྒོའི་རྣམ་པ་འདྲ་མིན་སྤེལ་བཞིན་ཡོད་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད། འདི་ནི་ཤེལ་སྒོའི་ནང་གི་མོག་མོག་རེད་ཅེས་དཔེ་མཚོན་ཐོག་ནས་མིག་མདུན་གྱི་རྣམ་པ་ཙམ་ལས་དོན་དངོས་ཐོག་འདི་ལྟར་མེད་ཅེས་བརྗོད་བྱུང་།
རྒྱ་ནག་གི་རྒྱལ་དོན་གུང་གསེང་ལ་ལྷ་ས་གཙོས་པའི་ས་ཁུལ་ཁག་ཏུ་དམ་དྲག
རྒྱ་ནག་གི་རྒྱལ་སྟོན་གུང་གསེང་སྐབས་སུ་ལྷ་ས་ནི་རྒྱ་ནག་ནང་གི་ཡུལ་སྐོར་ས་ཚིགས་གྲགས་ཆེ་བ་ཞིག་ཏུ་གྱུར་ཏེ་རྒྱ་ནག་ནས་ཡུལ་སྐོར་བ་དང་མོ་ཌ་མང་པོ་སླེབས་ཡོད་འདུག་ལ། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ལས་ཁུངས་ཀྱིས་རྒྱལ་སྟོན་གུང་གསེང་རིང་པོ་ཏ་ལ་དང་གཙུག་ལག་ཁང་གཙོས་པའི་ཡུལ་སྐོར་ས་ཁུལ་གཙོ་བོ་ཁག་ལ་ཐད་ཀར་ཞིབ་བཤེར་བྱས་ཏེ། ཡུལ་སྐོར་ལས་ཁུངས་ ༩༩༠ ལ་ཞིབ་བཤེར་དང་ལས་བྱེད་ ༡༢༧༠ མངགས་གཏོང་བྱས་པ། ཁྲིམས་འགལ་དང་སྒྲིག་འགལ་གྱི་གནད་དོན་ ༡༤ དང་བདེ་འཇགས་ཉེན་ཁ་ ༢༥ རྩད་གཅོད་ཐུབ་ཡོད་པ་བརྗོད་འདུག
གཞུང་ཕྱོགས་ཀྱི་གྲངས་ཐོ་ལྟར་ན། ཟླ་ ༡༠ ཚེས་ ༡ ནས་ ༧ བར་ཕོ་བྲང་པོ་ཏ་ལར་ཡུལ་སྐོར་བ་ ༤༣༨༠༥ སླེབས་པ་དང་། གཙུག་ལག་ཁང་དུ་མི་ཁྲི་ ༥ ལྷག་ཙམ་སླེབས་ནས་དེའི་རིང་ཡུལ་སྐོར་བ་མང་དུ་ཕྱིན་པ་དང་བདེ་འཇགས་ཀྱི་དམ་དྲག་གཉིས་མཉམ་དུ་འཕར་བའི་རྒྱབ་ལྗོངས་གསལ་པོ་མངོན་ཐུབ་ཀྱི་འདུག བོད་རང་སྐྱོང་ལྗོངས་ཡོངས་སུ་ཡང་ཉེན་རྟོག་ལས་ཁུངས་ཀྱིས་ཡུལ་སྐོར་ས་ཚིགས་དང་། ཚོང་ལས་ཁུལ། ལམ་གཙོ་བོ་དང་མི་ཚོགས་མང་སར་སྐོར་ཞིབ་དང་བདེ་འཇགས་ཞིབ་བཤེར་ཤུགས་ཆེ་རུ་བཏང་འདུག་ལ། གཞུང་འབྲེལ་གྱི་གནས་ཚུལ་ནང་། ལྷ་ས་དང་གཞིས་ཀ་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ། མངའ་རིས་བཅས་སུ་ཉེན་རྟོག་པ་ལས་གནས་སུ་བཞག་ནས་སྐོར་ཞིབ་དང་ཉེན་ཁ་ཞིབ་བཤེར་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག

བོད་ཀྱི་ས་ཁུལ་གཞན་ཁག་ཏུ་དམ་དྲག
ཡང་རྒྱ་ནག་གི་རྒྱལ་སྟོན་གུང་གསེང་སྐབས་བོད་ཀྱི་ས་ཁུལ་གཞན་ཁག་གི་ནང་དུ་ཡང་རྒྱ་ནག་ནས་ཡུལ་སྐོར་བ་དང་མོ་ཌ་མང་དུ་ཕྱིན་པ་དང་མཉམ་དུ་ཉེན་རྟོག་དང་ལམ་འགྲུལ་གྱི་དོ་དམ་ཡང་ཆེ་རུ་བཏང་འདུག དཔེར་ན། ཁམས་དཀར་མཛེས་ཁུལ་དུ་ཟླ་ ༡༠ ཚེས་ ༡ ནས་ཚེས་ ༢ བར་མོ་ཌ་འགྲོ་འོང་བྱེད་ཐེངས་ ༡༡༨༠༠༠ ལྷག་བྱུང་ཡོད་པ་དང་། ཉེན་རྟོག་པས་ལམ་གཙོ་བོ་དང་ཡུལ་སྐོར་ས་ཚིགས་ཁག་ཏུ་ཞིབ་བཤེར་ཤུགས་ཆེ་རུ་བཏང་ཡོད་སྐོར་གཞུང་འབྲེལ་གྱི་དཀར་མཛེས་གཏོང་སྦྱོར་གྱིས་གནས་ཚུལ་སྤེལ་འདུག
ཡང་ཁམས་རྟའུ་རྫོང་དུ་ཡང་རྒྱལ་སྟོན་གྱི་གུང་གསེང་ཉིན་བདུན་རིང་ཡུལ་སྐོར་བ་འབུམ་གཉིས་ལྷག་དང་མོ་ཌ་འགྲོ་འོང་ཐེངས་ ༧༥༠༠༠ ཙམ་སླེབས་པ་དང་། ཉེན་རྟོག་པ་ཡོངས་རྫོགས་ལས་གནས་སུ་བཞག་ནས་བདེ་འཇགས་ས་ཚིགས་ ༢༡ བཙུགས་ཏེ། ལམ་འགྲུལ་དོ་དམ་དང་། ཡུལ་སྐོར་ས་ཚིགས་ལ་སྲུང་བྱ། སྐབས་འཕྲལ་རོགས་སྐྱོར་བཅས་བྱས་ཡོད་པ་བརྗོད་འདུག

དེ་བཞིན་ཟི་ལིང་གྲོང་ཁྱེར་དུ་མཚོན་ན་ཡང་ཉེན་རྟོག་པས་རི་ལིའི་བབ་ཚུགས་དང་མགྲོན་ཁང་། རོལ་རྩེད་ས་ཆ། ཁྲོམ་གཞུང་སོགས་ལ་སྐོར་གཡེང་ཞིབ་བཤེར་བྱས་ཡོད་པ་བརྗོད་འདུག
བོད་ཀྱི་ས་ཁུལ་ཁག་ནང་རྒྱ་ནག་གི་རྒྱལ་སྟོན་གུང་གསེང་སྐབས་ཡུལ་སྐོར་བ་གཅིག་པུར་དམིགས་པ་ཞིག་མ་ཡིན་པར། ས་གནས་བོད་མིའི་ཁྲོད་ལ་ཡང་གཅིག་མཚུངས་ཀྱི་དམ་དྲག་དང་། ཞིབ་བཤེར་བྱས་ཡོད་འདུག
