རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་པར་སོགས་ཉར་ཚགས་གནང་བའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ཁོང་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ་ནི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལག་བསྟར་བྱས་ཏེ་མི་རིགས་རྩ་བརླག་གཏོང་བའི་བྱ་ཐབས་ཡིན་པ་བརྗོད་ཀྱི་འདུག
ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༥ ཉིན་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་ལགས་ཀྱི་གྲྭ་ཤག་གི་མཆོད་ཁང་ནང་ནས། རྒྱ་ནག་ཉེན་རྟོག་པས་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་པར་བཀའ་སློབ་མཐེབ་སྡེར་རིགས་རྙེད་སོན་བྱུང་ཡོད་པར་བརྟེན། ཁོང་ལ་དུས་ཡུན་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་ཡང་ཐེའི་ལྦན་བཅའ་བཞུགས་ཆབ་སྲིད་བཙོན་ཟུར་རྭ་རྒྱ་དགེ་བཤེས་བློ་བཟང་དཔལ་ལྡན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་པ་ལྟར་ན། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༥ ཉིན་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་ལགས་ཀྱིས་གྲྭ་ཤག་གི་སྒོར། མི་གཞན་ནང་དུ་འགྲོ་མི་ཆོག་པའི་རྒྱ་ཡིག་གི་སྦྱར་བྱང་ཞིག་སྦྱར་ཡོད་པ་དང་། སྐབས་དེར་སུ་གང་གིས་ཀྱང་ཁོང་ལ་གནས་ཚུལ་ཅི་བྱུང་ཤེས་རྟོགས་བྱུང་མི་འདུག དེ་རྗེས་སུ་གོ་ཐོས་ལྟར་ན། ཉེན་རྟོག་པས་ཁོང་གི་གྲྭ་ཤག་ལ་བསྔོག་བཤེར་སྐབས། མཆོད་ཁང་ནང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་པར་དང་། མཐེབ་སྡེར་རམ་ཡིག་ཆ་གསོག་སྣོད་ཅིག་གི་ནང་དུ་༧གོང་ས་མཆོག་གི་བཀའ་སློབ་རིགས་དང་། ཁོང་གི་བརྙན་རིས་ཁ་ཤས་ཡོད་པ་རྙེད་སོན་བྱུང་ཡོད་ཚུལ་དང་། དེར་བརྟེན་ཁོང་ལ་དུས་ཡུན་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས། ད་ལྟའི་ཆར་ཁོང་ཟི་ལིང་གི་ས་ཕག་བཟོ་གྲྭའི་ནང་ངལ་རྩོལ་བཙོན་འཇུག་བྱས་ཡོད་འདུག ཉེན་རྟོག་པས་ཁོང་འཛིན་བཟུང་སྐབས་ནང་མིར་བརྡ་ཐོ་བཏང་ཡོད་མེད་དང་། ཁྲིམ་བཤེར་སྐབས་རང་ཉིད་ལ་འདོད་པ་ཡོད་པའི་ཁྲིམས་རྩོད་པ་རག་ཡོད་མེད་བཅས་ལ་གསལ་ཁ་གང་ཡང་མི་འདུག ས་གནས་ལ་དམ་དྲག་ཆེ་སྟབས། འདིའི་སྐོར་གྱི་གནས་ཚུལ་བཤད་ཐུབ་མཁན་མི་འདུག་ཅེས་གསུང་གི་འདུག
ད་ཐེངས་གཅིག་པུ་མ་ཡིན་པར་སྔ་ལོར་ཡང་ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་དགུ་བཅུར་ཕེབས་པའི་གོ་སྟོན་སྐབས་ས་གནས་སུ་༧སྐུའི་ཞབས་བརྟན་སོགས་ཀྱི་བྱེད་སྒོ་སྤེལ་བའི་ཉེས་པ་བཅུགས་ཏེ་མགོ་ལོག་རྨ་ཆེན་རྫོང་ཉེན་རྟོག་པས་ཁོང་བཀག་འགོག་གི་གནས་ཚུལ་ཞིག་ཀྱང་བྱུང་འདུག
དགེ་བཤེས་བློ་བཟང་དཔལ་ལྡན་ལགས་ཀྱིས་མུ་མཐུད་གསུངས་དོན་དུ། ཕྱི་ལོ་ ༢༠༢༥ ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་དགུ་བཅུའི་གོ་སྟོན་སྐབས། མཁན་ཟུར་བློ་བཟང་བསྟན་པ་ལགས་ཀྱིས་ས་གནས་མི་མང་ལ་༧གོང་ས་མཆོག་གི་ཞབས་བརྟན་དང་། མཚན་སྔགས་བློ་འཛིན་གྱི་དགེ་བསྐུལ་བྱས་ཏེ། ཞབས་བརྟན་མང་དུ་གསོག་མཁན་རྣམས་ལ། ༧གོང་ས་མཆོག་གི་བཀའ་སློབ་ཚན་པ་ཞིག་བྲིས་པའི་གཟེངས་རྟགས་སྤྲད་པར་བརྟེན། ཕྱི་ལོ་ ༢༠༢༥ ཟླ་ ༥ ནང་མགོ་ལོག་རྨ་ཆེན་རྫོང་ཉེན་རྟོག་པས་བཀག་འགོག་དང་། ཉིན་མང་པོའི་རིང་འདྲི་རྩད་སྣ་ཚོགས་བྱས་ནས་གློད་ཡོད་པའི་སྐོར་གསུངས་བྱུང་།
མཁན་ཟུར་བློ་བཟང་བསྟན་པ་ལགས་འཛིན་བཟུང་དང་འབྲེལ་བཙན་བྱོལ་ནང་གནས་སྡོད་བོད་མི་ཁག་ཅིག་གིས། གནས་སྟངས་དེས་བོད་ནང་ཆོས་དད་རང་དབང་མེད་པའི་རྣམ་པ་གསལ་པོར་མཚོན་ཞིང་། ཁོང་གང་མྱུར་གློད་བཀྲོལ་དགོས་པ་ནན་སྐུལ་བྱེད་ཀྱི་འདུག
དེ་ཡང་རྡ་སར་གནས་སྡོད་མཚམས་གཅོད་ལགས་ཀྱིས། རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་བོད་ནང་ཆོས་དད་རང་དབང་ཡོད་པའི་གནས་སྟངས་བཤད་ཀྱི་ཡོད་ཀྱང་། ད་ཆ་མཁན་པོ་ལགས་འཛིན་བཟུང་བྱས་ཡོད་པ་དེས་བོད་ནང་ཆོས་དད་རང་དབང་མེད་པའི་རྣམ་པ་གསལ་པོར་མཚོན་ཐུབ་ཅིང་། ཁོང་གིས་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་གནང་བ་དེ་ནག་ཉེས་གང་གི་ཁོངས་སུ་ཡིན་པ་དང་ཁྲིམས་ག་རེ་འགལ་ཡོད་རེད་ཅེས་དྲིས་འདོད་བྱུང་ཞེས་གསུང་གི་འདུག་ལ། དེ་འབྲེལ་བསྟན་འཛིན་བདེ་སྐྱོང་ལགས་ཀྱིས། རྒྱ་ནག་གཞུང་གིས་མཁན་པོ་ཁོང་འཛིན་བཟུང་བྱས་པ་དེ་ནི་ཁོང་གིས་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་དང་། བོད་ཀྱི་ཆོས་དང་རིག་གཞུང་མཁྱེན་རྒྱ་ཡངས་པའི་རྐྱེན་གྱིས་རེད་འདུག་པས། བྱེད་བབ་དེ་དག་ནི་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་བརྒྱུད་བོད་མི་རིགས་རྩ་བརླག་གཏོང་བའི་སྲིད་བྱུས་ཤིག་ཡིན་པས། དེར་ངོ་རྒོལ་དང་གང་མགྱོགས་གློད་བཀྲོལ་དགོས་པ་ནན་བརྗོད་བྱ་རྒྱུ་ཡིན་ཞེས་གསུང་གི་འདུག
རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་ལགས་ནི། རྭ་རྒྱ་དགོན་པའི་མཁན་རབས་ང་བཞི་པ་དང། ཁོང་ཕྱི་ལོ་ ༡༩༦༥ ལོར་ཙང་ཀི་ཚོ་སྡེ་བཞིའི་ནང་ཚན། ཧཱ་ཤིས་ཧ་སྡེ་བར་ཡབ་སྐལ་བཟང་དར་རྒྱས་དང་། ཡུམ་འཕགས་ཅ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། དགུང་ལོ་བརྒྱད་ནས་བཟུང་སློབ་གྲྭར་ཞུགས་ཏེ་སློབ་ཆུང་མཐར་ཕྱིན། ཕྱི་ལོ་ ༡༩༨༣ ལོར་དགེ་བའི་བཤེེས་གཉེན་མཁན་ཟུར་བཟོད་པ་རྒྱ་མཚོའི་མདུན་ནས་རབ་ཏུ་བྱུང་སྟེ་རྭ་རྒྱ་དགོན་དུ་ཆོས་ཞུགས་བྱས་ཤིང་། ཁོང་ནམ་རྒྱུན་སློབ་གཉེར་ལ་སྦྱང་བརྩོན་ཆེ་ཞིང་། མི་རིགས་གྱི་ལར་ཞེན་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་གཙང་བ་ཞིག་ཡིན་པ་གནས་ཚུལ་མཁོ་སྤྲོད་པས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
རྩ་བའི་རྒྱ་ནག་གཞུང་གིས་འདས་པའི་ཟླ་བ་གསུམ་ནང་། མགོ་ལོག་རྨ་ཆེན་རྫོང་ཁོངས་བོད་པའི་སློབ་གྲྭ་ ༣ སྒོ་བརྒྱབ་པའི་གནས་ཚུལ་ཞིག་ཀྱང་ཐོན་ཡོད་པ་ནི། གནད་དོན་དབྱེ་ཞིབ་པ་ཚོས་དེ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཁྲིམས་ཡིག་ལ་བརྟེན་ནས་བྱུང་བ་ཞིག་དང་། “མི་རིགས་གསོན་གནས་མེད་པ་བཟོ་ཐབས་རེད།” ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་ལ། མགོ་ལོག་ཁུལ་གྱི་སློབ་གྲྭ་གསུམ་སྒོ་བརྒྱབ་པ་དང་ལྷན་དུ། དེའི་ཉེ་འཁོར་ཏེ། དཔེར་ན་རྭ་རྒྱ་དགོན་པ་དང་ཉེ་འཁོར་གྱི་ཡུལ་སྡེ་ཚོར་རྒྱ་གཞུང་གིས་མི་རིགས་ལ་བསུན་གཙེར་དང་། རིག་གཞུང་ལ་དམ་དྲག་བྱེད་བཞིན་ཡོད་པ་རེད་འདུག
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
