བཙན་བྱོལ་གཞུང་མང་གཉིས་ཀྱིས་བོད་ནག་ཆུ་སྦྲ་ཆེན་རྫོང་གི་ས་ཡོམ་གོད་ཆག་ཁྲོད་རྐྱེན་འདས་ཀྱི་གྲངས་ཀ་ནི་རྒྱ་ནག་གཞུང་འབྲེལ་གྱིས་གསལ་བསྒྲགས་བྱས་པ་ལས་མང་བ་ཡོད་པ་གསུང་གི་འདུག
དམར་རུ་ཁོངས་གྲོང་ཚོ་གཅིག་པུ་ནས་མི་ ༡༠ རྐྱེན་འདས།
བོད་ནག་ཆུ་སྦྲ་ཆེན་རྫོང་ཁུལ་ནས་ཡིན་པའི་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས། ནག་ཆུ་སྦྲ་ཆེན་རྫོང་ཁོངས་སོག་ཆུའི་སྟོད་རྒྱུད་དུ་ཆགས་པའི་དམར་རུ་ཁོངས་ཀྱི་གྲོང་ཚོ་ཞིག་གི་ནང་དུ་གཅིག་པུར་མི་ ༡༠ འདས་གྲོངས་སུ་ཕྱིན་འདུག་པས། རྒྱ་ནག་གཞུང་འབྲེལ་གྱིས་འདས་གྲོངས་ཕྱིན་པ་དང་རྨས་སྐྱོན་ཕོག་པའི་གྲངས་ཀ་དེ་དག་ནི་ཁུངས་ལྡན་མ་ཡིན་པར་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་དེ་བས་མང་བ་ཡོད་པའི་ཚོད་དཔག་གནང་གི་ཡོད་པ་གསུང་གི་འདུག་ལ། གྲོང་ཚོ་ཁ་ཤས་སུ་ཁང་པ་གཅིག་གཉིས་ལས་ལྷག་མེད་པ་སོགས་ཀྱི་གནས་སྟངས་བྱུང་འདུག་པས། ས་ཡོམ་བྱུང་པའི་དུས་སྐབས་དེ་ཡང་དགོང་དྲོ་འབྲོག་པ་རྣམས་གཉིད་ཉལ་བའི་དུས་ཚོད་ཡིན་དུས། མི་ཕོན་ཆེ་གྲོངས་ཡོད་ངེས་རེད། འོན་ཀྱང་ད་ལྟའི་ཆར་ས་གནས་སུ་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱེད་བཞིན་འདུག་ཅེས་གསུང་གི་འདུག
“མི་གྲངས་ ༢༠ ཉུང་མཐར་རྐྱེན་འདས་ཕྱིན་འདུག”
བོད་ཀྱི་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ཁུལ་དུ་འགུལ་ཚད་ ༧ ཅན་གྱི་ས་ཡོམ་གྱི་གནོད་འཚེ་བྱུང་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་གོད་ཆག་དེ་འབྲེལ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ས་གནས་སུ་མྱུར་སྐྱོབ་ཀྱི་ལས་གཞི་ཤུགས་ཆེ་སྤེལ་བཞིན་ཡོད་པ་བསྒྲགས་འདུག་ཀྱང་། ཉེ་ལམ་ཡང་བལ་བོད་ས་མཚམས་སུ་འདམ་རུད་ཆུ་ལོག་གི་གོད་ཆག་བྱུང་སྐབས་རྒྱ་ནག་གཞུང་ངོས་ནས་གནས་ཚུལ་ཕྱི་གསལ་ནང་གསལ་མཁོ་སྤྲོད་བྱས་མེད་པའི་རྐྱེན་གྱིས། ཐེངས་འདིར་གནས་ཚུལ་ཕྱི་གསལ་ནང་གསལ་མ་བྱེད་བར་དུ་ཡིད་ཆེས་ཐུབ་དཀའ་ཞེས་གསུངས་སོང་།
ས་གནས་སུ་དམ་དྲགལ། བཀའ་ཤག་གིས་ཚེས་ ༢༣ ཉིན་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཚེས་ ༢༢ ཉིན་གྱི་ཕྱི་དྲོར་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལྟར་ན། སྦྲ་ཆེན་རྫོང་ཁོངས་རྫ་སྲིབ་དང་དམར་རུ། གངས་ཅན་ས་ཁུལ་གཅིག་པུ་ནས་མི་གྲངས་ ༢༠ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། བོད་ཀྱི་ས་ཁུལ་གང་ས་ནས་ངལ་སེལ་རོགས་སྐྱོར་དུ་འགྲོ་མཁན་རྣམས་ལ་དམ་དྲག་བྱེད་བཞིན་ཡོད་པ་སོགས་ཐེར་འདོན་གནང་འདུག
ཟླ་ ༡༠ ཚེས་ ༢༢ ཉིན་གྱི་དགོང་མོ་ཆུ་ཚོད་ ༡༠ དང་སྐར་མ་ ༣༣ ཙམ་ལ་བོད་ཀྱི་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ཁུལ་དུ་ས་ཡོམ་གྱི་གོད་ཆག་བྱུང་ཡོད་པ་དང་། ཨ་རིའི་ས་ཡོམ་བརྟག་དཔྱད་དྲ་ཚིགས་ཐོག་ས་ཡོམ་དེ་ནི་འགུལ་ཚད་ ༧ ཅན་ཡིན་པ་བརྗོད་ཡོད། ཚེས་ ༢༢ ཉིན་རྒྱ་ནག་གཞུང་གིས་ས་ཡོམ་གནོད་འཚེ་འདིའི་ཁྲོད་ད་ལྟ་བར་མི་ ༡༦ འདས་གྲོངས་དང་ ༣༢ ལ་རྨས་སྐྱོན་ཕོག་ཡོད་སྐོར་བརྗོད་འདུག་ཀྱང་། (Reuters) གསར་ཁང་གིས་ཚེས་ ༢༣ ཉིན་རྨས་སྐྱོན་ཕོག་པའི་གྲངས་ཀ་ ༧༦ ལ་སླེབས་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་འདས་གྲོངས་ཕྱིན་པའི་གྲངས་འབོར་ ༡༦ ཐོག་དེ་མུར་ལྷག་ཡོད་པ་བཀོད་འདུག
མཆོད་འབུལ་སྨོན་ལམ་གནང་པ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ངོས་ནས། གནོད་འཚེ་ཕོག་མཁན་དང་ནང་མི་ལྟོས་བཅས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས་སོང་བ་དང་། སྨོན་ལམ་ཐོག་བཅར་བའི་བོད་མི་ཁག་གཅིག་གིས་བོད་ནང་ས་ཡོམ་དང་ཆུ་རུད་སོགས་ཀྱི་གོད་ཆག་བསྟུད་མར་བྱུང་བཞིན་པ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་གིས། བོད་ནང་ཚད་ལས་བརྒལ་བའི་འཛུགས་སྐྲུན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་གསུང་མཁན་འདུག
བློ་བཟང་དཔལ་ལྡན་ལགས་ཀྱིས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ནས་བཟུང་རང་ཉིད་ཀྱི་དགོས་འདུན་གྲུབ་ཆེད་དུ་བོད་ནང་འགྱུར་བ་ཞེ་དྲགས་བཏང་ཡོད་པ་དང་། དཔེར་ན་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་ལ་སོགས་པའི་ཁོར་ཡུག་ལ་གནོད་འཚེ་བྱེད་པ་སོགས་མ་འོས་པའི་ལས་དོན་མང་པོ་གྲུབ་པའི་རྐྱེན་གྱིས། འབྱུང་བ་འཁྲུག་གི་ཡོད་པ་དང་དེར་བརྟེན་ས་ཡོམ་དང་ཆུ་ལོག་གི་གནོད་འཚེ་མང་པོ་འབྱུང་བཞིན་ཡོད་པས། དེ་དག་བྱུང་ཚེ་སྤྱི་ཡོངས་ལ་གནོད་ཀྱི་ཡོད་པས་དེ་རིགས་འགྱུར་བ་གཏོང་ཚེ་ཕན་ཐོགས་ཆེན་པོ་ཡོད་པ་གསུང་གི་འདུག་ལ། ཚེ་དབང་རིག་འཛིན་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་བཏང་བ་དེ་ཨེ་ཤེ་ཡ་གཙོ་བོར་གྱུར་བའི་འཛམ་གླིང་ཁྱོ་ཡོངས་ལ་གནོད་ཀྱི་ཡོད་པས། རྒྱ་ནག་གིས་རྒྱལ་སྤྱིའི་ཚོགས་འདུའི་ཁྲོད་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱི་ཡོད་ཚུལ་བརྗོད་ཀྱི་ཡོད་ཀྱང་། དངོས་སུ་ལག་བསྟར་བྱེད་ཀྱི་མེད་པར་བརྟེན་བོད་མི་མང་པོའི་ཚེ་སྲོག་ཤོར་བཞིན་ཡོད་པ་གསུང་གི་འདུག ཡང་སྐལ་བཟང་དོན་གྲུབ་ལགས་ཀྱིས། རྒྱ་ནག་གིས་བྱེད་སྟངས་མ་ཤེས་ནས་ཆུ་རགས་མང་པོ་འཛུགས་སྐྲུན་བྱས་ཏེ། ཆུ་རགས་དེ་དག་གིས་ས་གཤིས་ལ་གནོད་སྐྱོན་ཕྱིན་ཏེ་གོད་ཆག་དེ་དག་བྱུང་གི་ཡོད་པར་སེམས་ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཐེངས་འདིར་བོད་ཀྱི་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ཁུལ་དུ་བྱུང་བའི་ས་ཡོམ་འགུལ་ཚད་ ༧ ཅན་གྱི་གནོད་འཚེ་དེ་ནི། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་བོད་ཀྱི་གཞིས་ཀ་རྩེ་ས་ཁུལ་དིང་རི་རྫོང་དུ་ས་ཡོམ་འགུལ་ཚད་རིམ་པ་ ༧.༡ བརྒྱབ་སྟེ། ས་ཡོམ་ཁྲོད་མི་༡༢༦རྐྱེན་འདས་དང་མི་གྲངས་ ༣༣༧ ལ་རྨས་སྐྱོན་ཕོག་པ་སོགས་བྱུང་བའི་རྗེས་སུ་འགུལ་ཚད་ཤུགས་ཆེ་དེ་ལྟར་བྱུང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། བཞུགས་སྒར་རྡ་སར་ནག་ཆུའི་ས་ཡོམ་ཁྲོད་རྐྱེན་འདས་དང་རྨས་སྐྱོན་ཕོག་པ་སོགས་ཡོངས་ཀྱི་ཆེད་དུ་གདུང་སེམས་མཉམ་སྐྱེད་ཆེད་ཕྱི་དྲོར་མར་མེ་ཁྲོམ་སྐོར་གནང་སོང་།།
པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
འབྲེལ་ཡོད་གནས་ཚུལ།
ནག་ཆུ་སྦྲ་ཆེན་རྫོང་དུ་ས་ཡོམ་འགུལ་ཚད་ ༧ བརྒྱབ་སྟེ་མི་ ༡༦ རྐྱེན་འདས་དང་ ༤༦ ལ་རྨས་སྐྱོན།
