བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༥།༠༤

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བླ་མ་བཟོད་པ་རིན་པོ་ཆེ་མཆོག་ནི་བློས་ཐུབ་ཀྱི་ཆོས་གྲོགས་ཤིག་ཡིན་པ་དང་ཁོང་གི་ཡང་སྲིད་ཕེབས་ཏེ་བསྟན་པའི་བྱ་བ་རླབས་ཆེན་སྒྲུབ་རྒྱུར་ཐུགས་སྨོན་མཛད་བཞིན་ཡོད་པ་བཀའ་སློབ་བསྩལ་གནང་མཛད་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡོ་རོབ་བྱང་མའི་ཕྱོགས་ཕེབས་སྐབས། ཌན་མག་དང་ནོར་ཝེ་ཁུལ་སོ་སོའི་གྲོས་ཚོགས་ཀྱི་འཐུས་མི་དང་གྲོས་ཚོགས་ཀྱིལས་དོན་ཚོགས་ཆུང་གནད་འགག་ཅན་ཁག་ཅིག་དང་མཇལ་འཕྲད་ཀྱིས་ལོ་རྒྱུས་ཀྱི་ཐོག་ནས་བོད་འདི་རང་བཙན་རྒྱལ་ཁབ་ཞིག་ཡིན་པར་ངོས་ལེན་ཡོང་ཐབས་བཀའ་མོལ་ཞུས་འདུག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་ནི་དམིགས་བཀར་དོ་སྣང་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འདོན་གནང་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད་པ་ཐེར་འདོན་བྱས་འདུག