༧གོང་ས་མཆོག་གི་སྐུ་ཁམས་གསལ་ཐང་དང་དྭངས་བསྐྱེད་ཆ་ཚང་ཡོང་བའི་སྔོན་དཔག་ཞུ་ཡི་ཡོད་སྨན་པས་གསུངས་པ་དང་། ཕྱི་ཚེས་ ༡༢ ཉིན་འཕྲོད་བཞེས་ལེགས་གྲུབ་ཀྱིས་ལྡི་ལིའི་རོ་ཧི་ནིར་ཆགས་པའི་བོད་ཁྱིམ་མཐོ་སློབ་ཀྱི་སྡོད་སྒར་དུ་ཞབས་སོར་འཁོད་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཡོན་མ་(knee replacement surgery) གཤཊ་བཅོས་ལེགས་གྲུབ་བྱུང་པ་དང་། ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ལྡི་ལིའི་ཨིན་དྲ་པྲསིཐི་ཨ་པོ་ལོ་སྨན་ཁང་ནས་ཕེབས་ཐོན་མཛད་ཅིང་། ལྡི་ལི་རོ་ཧི་ནིར་ཡོད་པའི་བོད་ཁྱིམ་མཐོ་སློབ་སློབ་མའི་སྡོད་སྒར་དུ་ཞབས་སོར་འཁོད་ཅིང་རེ་ཞིག་སྐུ་ངལ་གསོ་བཞུགས་དང་ཞབས་པུས་གསོ་བཅོས་ཞུ་རྒྱུ་ཡིན་འདུག་ལ། ཞབས་པུས་སྨན་བཅོལ་ཞུ་མཁན་གྱི་སྨན་ཁང་གི་འབྲེལ་ཡོད་ནས་གསལ་བསྒྲགས་སྤེལ་བའི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་བརྟན་པོའི་ཐོག་དྭངས་སྐྱེད་ཆ་ཚང་ཡོང་བའི་སྔོན་དཔག་ཞུ་གི་ཡོད་པ་ཨ་པོ་ལོ་སྨན་ཁང་གི་སྨན་པ་བགྲེས་པ་ར་ཇེཤ་མལ་ཧོ་ཏྲ་ (Dr. Rajesh Malhotra) ལགས་ཀྱིས་ཕྱི་ཚེས་ ༡༢ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་འདུག
༧གོང་ས་མཆོག་ཞབས་པུས་འཕྲོས་བཞེས་ལེགས་གྲུབ་བྱུང་སྟེ། ཨ་པོ་ལོ་སྨན་ཁང་ནས་ཕྱི་ཚེས་ ༡༢ སྔ་དྲོ་ཕེབས་ཐོན་མཛད་ཅིང་། ལྡི་ལིའི་རོ་ཧི་ནིར་ཆགས་པའི་བོད་ཁྱིམ་མཐོ་སློབ་སློབ་མའི་སྡོད་སྒར་གྱི་ཕོ་བྲང་དུ་ཞབས་སོར་འཁོད་ཅིང་། ཕྱི་ཟླ་ ༦ ཟླ་མཇུག་ཏུ་ལ་དྭགས་སུ་ཆིབས་སྒྱུར་བསྐྱང་རྒྱུའི་མཛད་རིམ་ཡོད་པ་བཞིན་དེའི་བར་སྐུ་ངལ་གསོ་བཞུགས་མཛད་རྒྱུ་ཡིན་པ་རེད།
ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༨ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཡོན་མ་གཤཊ་བཅོས་ལེགས་གྲུབ་ངང་ཞབས་ཞུ་བསྒྲུབས་ཐུབ་ཡོད་ཅེས་ཨ་པོ་ལོ་སྨན་ཁང་གི་སྨན་པ་མལ་ཧོ་ཏྲ་ལགས་ཀྱིས་གསུངས་འདུག་ལ། “སྨན་བཅོས་ཀྱི་དུས་ཡུན་ཧྲིལ་པོའི་རིང་། ༧གོང་ས་མཆོག་གི་༧སྐུའི་བླ་སྨན་པའི་རུ་ཁག་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་གཉིས་ཀྱིས་ཨ་པོ་ལོ་སྨན་ཁང་གི་འཛིན་སྐྱོང་དང་སྨན་ལས་པ་ཚོ་དང་མཉམ་དུ་འབྲེལ་ལམ་ཉེ་པོའི་ཐོག་ནས་ལས་དོན་བསྒྲུབས་གནང་ཡོད་པ་སྨན་པ་བགྲེས་པ་མལ་ཧོ་ཏྲ་ (Dr. Rajesh Malhotra) ལགས་ཀྱིས་གསུངས་འདུག་པ་མ་ཟད། ༧གོང་ས་མཆོག་གི་སྐུ་ཁམས་བརྟན་པོ་ཡོད་པ་དང་། དྭངས་བསྐྱེད་ཆ་ཚང་ཡོང་རྒྱུའི་སྔོན་དཔག་ཞུ་ཡི་ཡོད་ཅེས་གསུངས་འདུག

ཁོང་གིས་ད་དུང་། “༧གོང་ས་མཆོག་ལ་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་ཐོབ་པ་ནི་ཨ་པོ་ལོ་སྨན་ཁང་དང་སྨན་བཅོས་ཞུ་མཁན་ཡོངས་ལ་གོ་སྐལ་བཟང་པོ་ཞིག་ཡིན་ལ། ༧གོང་ས་མཆོག་གིས་ང་ཚོར་ཐུགས་ཡིད་ཆེས་དང་བློས་གཏད་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ། ༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཆེད་ཞབས་ཞུའི་ཆ་ཤས་ཤིག་བསྒྲུབས་ཐུབ་པར་བསྐལ་བ་བཟང་པོ་ཞིག་ཏུ་བརྩི་གི་ཡོད།”ཅེས་གསུངས་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་པོ་ལོ་སྨན་ཁང་ནས་ལྡི་ལིའི་རོ་ཧི་ནིར་ཆགས་པའི་བོད་ཁྱིམ་མཐོ་སློབ་སློབ་མའི་སྡོད་སྒར་གྱི་ཕོ་བྲང་དུ་ཞབས་སོར་འཁོད་སྐབས། དད་ལྡན་པ་རྣམས་ལ་མཇལ་ཁ་ཐོབ་ཡོད་པ་ནི་སྐུའི་ཞབས་པུས་སྨན་བཅོས་གྲུབ་པའི་རྗེས་སུ་མང་ཚོགས་ལ་མཇལ་ཁ་ཐོབ་པ་ཐོག་མ་དེ་ཆགས་ཀྱི་ཡོད་པས་དད་ལྡན་པ་རྣམས་ནས་༧སྐུའི་འཕྲོད་བཞེས་གང་ལེགས་ཡོང་བའི་སྨོན་འདུན་ཞུ་ཡི་འདུག
དེ་ཡང་ཚེ་རིང་ལྷ་མོ་ལགས་ཀྱིས་ངུ་སྒྲ་དང་བཅས་༧གོང་ས་མཆོག་མཇལ་བར་བརྗོད་མི་ཐུབ་པའི་དགའ་ཚོར་ཆེན་པོ་བྱུང་ཞེས་གསུང་གི་འདུག་ལ། པདྨ་ལགས་ཀྱིས་༧གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བར་དགའ་པོ་བྱུང་ཞིང་། གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་ཡི་འདུག
བོད་ཁྱིམ་སྡོད་སྒར་དུ་བཅའ་བཞུགས་ལ་དྭགས་ནས་ཡིན་པ་སློབ་མ་བསྟན་འཛིན་བཀྲ་ཤིས་ལགས་ཀྱིས། བསོད་ནམས་ཆེན་པོ་ཚོར་གྱི་འདུག བཀྲ་ཤིས་བྲོ་པ་དེ་སྔ་སློབ་གྲྭའི་དུས་སུ་སྦྱོང་བརྡར་བྱས་རྗེས་ད་རེས་དངོས་སུ་གཟིགས་འབུལ་ཞུ་ཐུབ་པར་དགའ་སྤྲོ་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཡོན་མ་བརྗེ་གནང་པའི་གཤགས་བཅོས་རྒྱ་གར་རྒྱལ་ས་ལྡི་ལིའི་ཨ་པོ་ལོ་སྨན་ཁང་དུ་ཕྱི་ཟླ་ ༦ ཚེས་ ༨ ཉིན་ལེགས་གྲུབ་བྱུང་འདུག་ཅིང་། ༢༠༢༤ ཟླ་ ༦ ཚེས་ ༢༨ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཞབས་པུས་གཡས་པ་བརྗེ་གནང་པའི་གཤགས་བཅོས་གནང་ཡོད་པ་རེད།
ད་རེས་ཞབས་པུས་གཡོན་མར་ (knee replacement surgery) གཤགས་བཅོས་ལེགས་གྲུབ་བྱུང་མཚམས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྟག་ལྷ་བསྟན་འཛིན་རྣམ་དག་ལགས་དང་། ༧སྐུ་བཅར་བོད་ལུཊ་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས། བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། ༧སྐུ་བཅར་ཕྱི་ལུཊ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་བཅས་མཉམ་འདུས་ཀྱི་བརྙན་ལམ་བརྒྱུད་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་པའི་ནང་། ༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གསུངས་དོན་དུ། དེ་རིང་༧རྒྱལ་བ་རིན་པོ་ཆེ་མཆོག་ལྡི་ལིའི་ཨ་པོ་ལོ་སྨན་ཁང་དུ་ཞབས་པུས་གཡོན་ཕྱོགས་འདི་གཤགས་བཅོས་གནང་སྟེ་གཤགས་བཅོས་ཡག་པོ་ཞེ་དྲགས་བྱུང་སོང་ཞེས་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་མཁྱེན་རྟོག་སླད་གཤགས་བཅོས་ལེགས་གྲུབ་བྱུང་པ་འདི་ཞུ་འདོད་བྱུང་། ཕྱི་ལོ་ ༢༠༢༤ ལོར་༧སྐུ་མདུན་གྱི་ཞབས་པུས་གཡས་པ་འདི་གཤགས་བཅོས་གནང་པ་རེད། འདི་འདྲ་ཡིན་དུས་ཞབས་པུས་གཉིས་ཀར་གཤགས་བཅོས་ལེགས་གྲུབ་ཡག་པོ་ཞེ་དྲགས་བྱུང་སོང་ཞུ་རྒྱུ་ཡིན། ད་ལྟ་གཤགས་བཅོས་གནང་གྲུབ་སྟེ་གཟིམས་ཆུང་ནང་ཡར་གདན་འདྲེན་ཞུས་ཟིན་པ་ཡིན། ད་རེས་འདིར་ཨ་པོ་ལོ་སྨན་ཁང་ནང་དུ་གཤགས་བཅོས་གནང་སྐབས་སུ་ལས་བྱེད་པ་སྒང་ནས་འོག་བར་དུ་ཚང་མས་ཐུགས་འཁུར་ཆེན་པོ་ཞེ་དྲགས་བཞེས་སོང་། དེ་འདྲ་ཡིན་དུས་འདིས་རྐྱེན་པས་གཤགས་འདི་ལེགས་གྲུབ་ཡག་པོ་བྱུང་སོང་ཞེས་གསལ་བསྒྲགས་གནང་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༨ ཉིན་གྱི་ཞོགས་པར་ཨ་རིའི་ནིའུ་ཡོག་གི་(Hospital of special surgery) ཞེས་དམིགས་བསལ་གཤགས་བཅོས་སྨན་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཞབས་པུས་གཡས་པར་སྨན་བཅོས་གནང་ཡོད་པ་རེད། སྐབས་དེར་སྨན་ཁང་གི་རུས་ཚིགས་བརྗེ་འགྱུར་སྡེ་ཚན་གྱི་གཙོ་འཛིན་སྨན་པ་ David J. Mayman ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཞབས་པུས་ཡོངས་སུ་དྲག་སྐྱེད་ཡག་པོ་བྱུང་བཞིན་ཡོད་པ་སྐབས་དེར་གསལ་བསྒྲགས་གནང་འདུག་ལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་བླ་སྨན་པ་དང་། སྟོན་འཁོར་ལྷན་རྒྱས་ནས་གཤགས་བཅོས་སྨན་པ་དང་ལས་བྱེད་པའི་ལྷན་མུ་མཐུད་འབྲེལ་མཐུད་ཡག་པོ་བཞག་སྟེ། མཇུག་སྐྱོང་འཐུས་ཚང་ཞུས་ཡོད་པ་རེད།
དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་བསྐྱངས་པ་ལྟར་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཟླ་མཇུག་ཏུ་ལ་དྭགས་སུ་ཆིབས་བསྒྱུར་བསྐྱང་གཏན་འཁེལ་ཡོད་པ་རེད་འདུག
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད་དང་། བཀྲ་དབང་།
