“༧གོང་ས་མཆོག་རྒྱ་གར་དུ་སྐུ་བཞུགས་མཛད་པ་ནི་བསོད་ནམས་ཆེན་པོར་ངོས་འཛིན་ཞུ་གི་ཡོད།”

རྒྱ་གར་དབྱུག་རྩེད་རྩེད་འགྲན་པ་གྲགས་ཅན་ (Suresh Raina) ལགས་ཀྱིས་༧གོང་ས་མཆོག་རྒྱ་གར་ནང་སྐུ་བཞུགས་མཛད་པ་ནི་བསོད་ནམས་ཆེན་པོར་ངོས་འཛིན་གནང་གི་ཡོད་པ་གསུངས་བྱུང་།

རྒྱ་གར་དབྱུག་རྩེད་རྩེད་འགྲན་པ་གྲགས་ཅན་ (Suresh Raina) ལགས་ཀྱིས་༧གོང་ས་མཆོག་རྒྱ་གར་ནང་སྐུ་བཞུགས་མཛད་པ་ནི་བསོད་ནམས་ཆེན་པོར་ངོས་འཛིན་གནང་གི་ཡོད་པ་གསུངས་བྱུང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་གནས་གང་དུ་ཆིབས་བསྒྱུར་བསྐྱངས་རུང་བཞུགས་གདན་འཇགས་ཡུལ་དུ་འཛམ་གླིང་ཡུལ་གྲུ་གང་ས་ནས་དད་ལྡན་པ་དང་གྲགས་ཅན་མི་སྣ་རྒྱུན་མི་ཆད་པ་༧གོང་ས་མཆོག་གི་མཇལ་ཁར་བཅར་གྱི་ཡོད་པ་བཞིན། འདས་པའི་ལོ་ཡུན་དེའི་རིང་རྒྱལ་སྤྱིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་རྩེད་འགྲན་པ། གཞས་པ་སོགས་སྙན་གྲགས་ཆེ་བའི་མི་སྣ་མང་དག་ཅིག་མཇལ་ཁར་བཅར་ཡོད་པ་རེད། ཐེངས་འདིར་ཡང་རྒྱ་གར་གྱི་ཀིར་ཀེཊ་འམ་དབྱུག་རྩེད་རྩེད་འགྲན་པ་གྲགས་ཅན་ (Suresh Raina) ལགས་དང་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ (Uditaa Goswami) ལགས་ཀྱིས་བཞུགས་སྒར་རྡ་སར་༧གོང་ས་མཆོག་གི་མཇལ་ཁར་བཅར་སོང་ལ། (Suresh Raina) ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་སྐུ་བཞུགས་མཛད་པ་དེ་ནི་རྒྱ་གར་ལ་བསོད་ནམས་ལྡན་པ་ཞིག་ཏུ་གྱུར་ཡོད་པ་གསུང་གི་འདུག

དེ་ཡང་ཁོང་གིས། “ཕྱི་ལོ་ ༢༠༡༠ ལོར་ང་ལ་༧གོང་ས་མཆོག་གི་མཇལ་ཁ་ཐོག་མ་དེ་ཐོབ་སོང་བ་དང་། ད་ཆ་ལོ་ ༡༦ རྗེས་ནང་མི་དང་ལྷན་དུ་མཇལ་ཁར་བཅར་ཡིན་པས། ༧གོང་ས་མཆོག་གིས་ང་ལ་བདེ་པོ་ཡིན་པས་ཞེས་བཀའ་སྩལ་དུས། སེམས་ནང་ཁོང་གིས་ང་ངོ་མཁྱེན་གྱི་ཡོད་པ་དང་ཁོང་གི་བྱིན་རླབས་ང་ལ་རྟག་ཏུ་ཡོད་པའི་ཚོར་བ་ཞིག་བྱུང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་སྐུ་བཞུགས་མཛད་པ་ནི་རྒྱ་གར་ལ་མཚོན་ན་བསོད་ནམས་ཆེན་པོ་ཡིན་ཞིང་། ང་ལ་མཚོན་ན་ཁོང་གི་བྱིན་རླབས་བཀའ་དྲིན་གྱིས། རྩེད་འགྲན་པ་ཡག་པོ་ཙམ་ཞིག་མ་ཡིན་པར། མི་བཟང་པོ་ཞིག་ཏུ་གྱུར་ཐུབ་སོང་། མཇལ་ཁའི་སྐབས་ང་ལ་སྤྲོ་སྣང་ཆེན་པོ་བྱུང་།” ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

སུ་རེཤ་རེ་ན་ལགས་ནི་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་འཛམ་གླིང་རྩེད་འགྲན་ (World Cup) ཁྲོད། རྒྱ་གར་གྱི་དབྱུག་རྩེད་རུ་ཁག་ལ་རྒྱལ་ཁ་ཐོབ་སྐབས་ཀྱི་རུ་ཁག་དེའི་ནང་ཡོད་པ་དང་། ཁོང་དེ་སྔ་ (Chennai Super Kings) དང་ (Gujarat Lions) རུ་ཁག་གཉིས་ཀྱི་ནང་རྩེད་འགྲན་གནང་མྱོང་ཡོད་ཅིང་། ཕྱི་ལོ་ ༢༠༢༠ ལོར་ཁོང་རྒྱལ་སྤྱིའི་དབྱུག་རྩེད་རྩེད་འགྲན་ནས་ལས་ཡོལ་ཞུས་ཤིང་། ད་ལྟའི་ཆར་ཁོང་གིས་ཁྱད་ལས་པའི་ངོ་བོར་རྩེད་འགྲན་སྐབས་འགྲེལ་བརྗོད་པའམ་མདོ་འཛིན་པ་གནང་གི་ཡོད་པ་རེད་འདུག

དབྱིན་ཡུལ་གྱི་ཧེ་ཌིང་ལེ་རུ་རྩེད་མོའི་སྦྱོང་བརྡར་སྐབས། ༢༠༡༨།༠༧།༡༦
དབྱུག་རྩེད་རྩེད་འགྲན་པ་སུ་རེཤ་རེ་ན། དབྱིན་ཡུལ་གྱི་ཧེ་ཌིང་ལེ་རུ་རྩེད་མོའི་སྦྱོང་བརྡར་སྐབས། ༢༠༡༨།༠༧།༡༦ (ED SYKES/Action Images via Reuters)

ཡང་ཐེངས་འདིར་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ (Uditaa Goswami) ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོག་མ་དེ་ཞུས་ཤིང་། མཇལ་ཁ་དེས་ཁོང་ལ་དེ་སྔ་ནམ་ཡང་ཚོར་མ་མྱོང་བའི་ཚོར་བ་བཟང་པོ་ཞིག་སྦྱིན་ཡོད་པ་གསུང་གི་འདུག

དེ་ཡང་ཁོང་གིས། “མཇལ་ཁའི་སྐབས་ཀྱི་ཚོར་བ་དེ་ནི་ངས་འགྲེལ་བརྗོད་ཐུབ་ཀྱི་མིན་འདུག དེ་ལྟ་བུའི་ཚོར་ཤུགས་ཆེན་པོ་ཞིག་ངས་མི་ཚེའི་ནང་ད་བར་ཚོར་མ་མྱོང་། ༧གོང་ས་མཆོག་ནི་སྐྱེས་བུ་དམིགས་བསལ་ཅན་ཞིག་རེད་འདུག་པས་ཁོང་མཇལ་བ་དང་ངའི་མིག་མཐར་མཆི་མ་འཁོར་སོང་། ཐེངས་འདིར་ང་ལ་མཇལ་ཁ་ཐོབ་པ་དེ་ནི་ངས་བསོད་ནམས་ཆེན་པོར་ངོས་འཛིན་བྱེད་བཞིན་ཡོད་ལ། ངས་སླར་ཡང་ཁོང་མཇལ་འདོད་ཅིང་དེ་ལྟ་བུའི་དམིགས་བསལ་ཅན་གྱི་ཚོར་བ་དེ་སླར་ཡང་ཚོར་འདོད།” ཅེས་གསུང་གི་འདུག་ལ། གཞན་ཁོང་གིས་གསར་འགོད་པའི་བཀའ་འདྲིར་ལན་འདེབས་གནང་སྐབས། དེང་གི་སྤྱི་ཚོགས་དྲྭ་ལམ་དང་མི་བཟོས་རིག་ནུས་སོགས་ཀྱི་དུས་ཚོད་འདིའི་ཁྲོད། གཞོན་སྐྱེས་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེ་གོང་སྤེལ་གྱི་དགོངས་གཞིར་རྗེས་སུ་འཇུག་དགོས་ཤིང་། ༧གོང་ས་མཆོག་སྐུ་ཚེ་བརྟན་ཏེ་དད་ལྡན་པ་རྣམས་ལ་མུ་མཐུད་མཇལ་ཁ་སྩལ་ཐུབ་པའི་སྨོན་ལམ་ཡོད་པ་གསུངས་སོང་།

ཁོང་གིས་གསུངས་ན་ཁོང་གི་འཁྲབ་སྟོན་གནང་བའི་གློག་བརྙན་ཕལ་ཆེ་བ་ཞིག་དགོན་སྡེ་ཁག་ཏུ་འཁྲབ་སྟོན་པར་ལེན་བྱས་ཡོད་དུས། ཁོང་གིས་རྟག་ཏུ་དགོན་སྡེ་ཁག་ཏུ་ཞི་བདེ་དང་མཐུན་སྒྲིལ་གྱི་རང་བཞིན་ལ་ཡིད་སྨོན་ཆེན་པོ་སྐྱེ་ཡི་ཡོད་པ་གསུང་གི་འདུག

གཞན་ (Uditaa Goswami) ལགས་ཀྱི་བཟའ་ཟླ་ (Mohit Suri) ལགས་ནི་རྒྱ་གར་ནང་གི་གློག་བརྙན་བཟོ་སྐྲུན་གནང་མཁན་གྲགས་ཆེ་བའི་ཁོངས་ནས་གཅིག་ཡིན་པ་དང་། ཁོང་གི་གློག་བརྙན་མང་དག་ཅིག་རྒྱ་གར་ནང་སྐད་གྲགས་ཆེན་པོ་བྱུང་ཡོད་པའི་ནང་ནས་ཉེ་ལམ་ཁོང་གིས་བཟོ་སྐྲུན་གནང་བའི་ Saiyaraa ཞེས་པའི་གློག་བརྙན་དེར་རྒྱ་གར་རྒྱལ་ཡོངས་སུ་མི་མང་པོས་དགའ་མོས་བྱས་ཡོད་པ་རེད།

ཡང་ཉི་འོང་ནས་ཡིན་པའི་གློག་བརྙན་འཁྲབ་སྟོན་པ་དང་གཞས་མ། དེ་སྔ་༡༩༧༠ ནས་ ༡༩༨༠ བར་ཉི་འོང་གི་དྲག་རྩལ་དང་དམག་སོགས་དང་འབྲེལ་བའི་གློག་བརྙན་སོགས་ནང་འཁྲབ་སྟོན་གནང་མཁན། གློག་བརྙན་འཁྲབ་སྟོན་པ་ (Etsuko shihomi) ལགས་ཀྱིས་ཀྱང་མཇལ་ཁ་ཐེངས་དང་པོ་ཞུས་སོང་པ་དང་། ཁོང་གི་མཇལ་ཁའི་སྐབས་༧གོང་ས་མཆོག་གི་སྐུ་མདུན་དུ་ཞི་བདེ་དང་བོད་མི་རྣམས་ཀྱི་ཆེད་དུ་གླུ་གཞས་ཤིག་བླངས་ཤིང་། མཇལ་ཁ་ཐོབ་པ་དང་སྐབས་དེར་ཁོང་མིག་ཆུ་ཤོར་བྱུང་། བསོད་ནམས་ཆེན་པོ་ཚོར་གྱི་འདུག་ཅེས་འདི་ག་གསར་འགོད་པར་གསུངས་བྱུང་།།

པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།