མོ་དྷིས་གཙོས་ཨ་རི་དང་ཐའེ་ཝན་གྱི་འགོ་ཁྲིད་མི་སྣས་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ།

སྤྱི་འཐུས་ཚོགས་གཙོ་མཆོག་དང་། ཨ་རུ་ན་ཅལ་གྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་ཀྱིས་འཚམས་འདྲི་ཞུས་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ལུགས་ལྟར་དགུང་གྲངས་ ༩༡ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་འདི་བཞིན་ལ་དྭགས་སུ་གཞུང་འབྲེལ་གྱི་མཛད་སྒོ་སྲུང་བརྩི་ཞུ་གི་ཡོད་ཅིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་བཞུགས་ཐོག་ལ་བྱམས་བརྩེའི་ལོའི་མཇུག་བསྡོམས་ཀྱི་མཛད་སྒོ་གོ་སྒྲིག་ཞུས་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྒྱུད་བོད་གཞིས་བྱེས་གཉིས་ཀྱི་མི་མང་གི་ཚབ་ཞུས་ཏེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུས་ཤིང་། སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་ཞུས་ཡོད་པ་རེད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལཊ་ཀྱིས་༧གོང་ས་མཆོག་གི་༧སྐུའི་འཁྲུངས་ སྐར་ལ་འཚམས་འདྲི་ཞུས་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་ཞུས་པ།

རྒྱ་གར་གྱི་སྲིད་བློན་ན་རེན་དྲ་མོ་དྷི་མཆོག་གིས་ X སྤྱི་ཚོགས་དྲ་རྒྱའི་བརྒྱུད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཁྲུངས་སྐར་གི་འཚམས་འདྲི་ཞུས་འདུག

དེ་ཡང་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་འཚམས་འདྲི་ཞུས་གནང་པའི་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་ལ་མཛའ་ཞིང་བརྩེ་བའི་འཚམས་འདྲི་ཞུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེ་དང་མཐུན་འབྲེལ་གྱི་བཀའ་སློབ་ནི། འཛམ་གླིང་གི་མི་མང་མང་པོར་ལམ་སྟོན་གྱི་ནུས་སྟོབས་ཤིག་ཏུ་གྱུར་ཡོད། ཁོང་གི་བཟང་སྤྱོད་དང་ཆོས་ཕྱོགས་ཀྱི་མཐུ་སྟོབས། དེ་བཞིན་འཛམ་གླིང་སྤྱིའི་དགེ་རྩར་ཕན་པའི་ཐུགས་སྐྱེད་ནི་ཤིན་ཏུ་བསྔགས་བརྗོད་འོས་པ་ཡིན། ཁོང་༧སྐུ་ཚེ་ཡུན་དུ་བརྟན་ཅིང་སྐུ་ཁམས་གསལ་ཐང་ཡོང་བའི་སྨོན་འདུན་ཞུ་ཞེས་གསུངས་འདུག

སྲིད་བློན་མོ་དྷི་མཆོག་གིས་༧གོང་ས་མཆོག་ལ་༧སྐུའི་འཁྲུངས་སྐར་ཉིན་འཚམས་འདྲི་ཞུས་པ།
རྒྱ་གར་སྲིད་བློན་མཆོག་གིས་༧གོང་ས་མཆོག་ལ་འཚམས་འདྲི་ཞུས་པ། སྲིད་བློན་མོ་དྷི་མཆོག་གིས་༧གོང་ས་མཆོག་ལ་༧སྐུའི་འཁྲུངས་སྐར་ཉིན་འཚམས་འདྲི་ཞུས་པ། (X/NarendraModi)

བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ཀྱི་འཚམས་འདྲི།

སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་ལཊ་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ།

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ

རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་ཁྱད་པར་དཔལ་ན་ལན་ཌའི་ཞལ་གཞུང་རྣམས་ཧི་མ་ལ་ཡའི་རི་བརྒྱུད་དུ་མི་མང་ས་ཡ་མང་པོ་དང་འཛམ་གླིང་སྤྱི་ལ་སྨན་པའི་བྱམས་བརྩེ་གོང་སྤེལ་གྱི་མཛད་འཕྲིན་རླབས་ཆེན་སྐྱོང་བཞིན་པར་ཆེ་བསྟོད་དང་སྦྲགས་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་པ།

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༧གོང་ས་མཆོག་ལ་འཁྲུངས་སྐར་འཚམས་འདྲི་ཞུས་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་དཔལ་ན་ལཎྜའི་ནང་ཆོས་ཀྱི་ཞལ་གཞུང་གཅེས་འཛིན་མཛད་པར་ཆེ་བསྟོད་ཞུས་སོང་།

ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པས་འཚམས་འདྲི་ཞུས་པ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་རང་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་འགན་གྱི་ཐོག་ནས། བོད་མི་ཚོས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག ཆོས་ལུགས་བཅས་ལ་སྲུང་སྐྱོབ་དང་དུས་སྟོན་སྲུང་བརྩི་ཞུ་རྒྱུ་འདི་གཞན་གྱིས་འཕྲོག་ཏུ་མི་རུང་བའི་ཐོབ་ཐང་ཡིན་པ་དང་། ཁོང་ཚོའི་རེ་འདུན་ཁག་མངོན་འགྱུར་ཡོང་རྒྱུར་མུ་མཐུད་སྐུལ་འདེད་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་མཆོག་གིས་༧གོང་ས་མཆོག་ལ་འཚམས་འདྲི་ཞུས་པ། ༢༠༢༦།༧།༦
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ནས་༧གོང་ས་མཆོག་ལ་འཚམས་ཞུ། ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་མཆོག་གིས་༧གོང་ས་མཆོག་ལ་འཚམས་འདྲི་ཞུས་པ། ༢༠༢༦།༧།༦ (RFA Tibetan)

ཐའེ་ཝན་གྱི་སྲིད་འཛིན་སླའེ་ཆིང་རྡའེ་ཡི་འཚམས་འཕྲིན།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག སྐུ་ཁམས་གསལ་ཐང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ༧མགོན་པོ་གང་ཉིད་ནས་ད་བར་འཛམ་གླིང་ཞི་བདེ་དང་བྱམས་བརྩེའི་ལྟ་བ་གོང་སྤེལ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐའེ་ཝན་གཞུང་དམངས་ཀྱིས་བོད་མིར་མུ་མཐུད་ནས་རྒྱབ་སྐྱོར་བརྟན་པོ་ཞུ་རྒྱུ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། རིག་གཞུང་དང་སྐད་ཡིག་རྒྱུན་འཛིན་བྱེད་རྒྱུ་ནི་སུས་ཀྱང་འཕྲོག་མི་རུང་བའི་ཐོབ་ཐང་ཞིག་རེད། ༧གོང་ས་མཆོག་གི་མཁྱེན་རབ་ཀྱི་འོད་སྣང་གིས་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་མུ་མཐུད་ལམ་སྟོན་མཛད་པའི་གསོལ་འདེབས་ཞུ་རྒྱུ་ཡིན།

སྲིད་འཛིན་ལའེ་ཆིང་ཏེ་ཡིས་༧གོང་ས་མཆོག་ལ་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ། ༢༠༢༦།༧།༦
ཐའེ་ཝན་སྲིད་འཛིན་གྱིས་༧གོང་ས་མཆོག་ལ་འཚམས་འདྲི་ཞུས་པ། སྲིད་འཛིན་སླའེ་ཆིང་རྡའེ་ཡིས་༧གོང་ས་མཆོག་ལ་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ། ༢༠༢༦།༧།༦ (RFA Tibetan)

ཐའེ་ཝན་ལ་བཅའ་བཞུགས་ཨ་རིའི་དོན་གཅོད་ཁང་གི་འཚམས་འདྲི།

ཐའེ་ཝན་ལ་བཅའ་བཞུགས་ཨ་རིའི་དོན་གཅོད་ཁང་གིས་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཆེད་མངགས་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཕེབས་ནས་འཚམས་འདྲི་ཞུས་གནང་ཡོད་པ་འདི་ངོ་དེབ་ཐོག་བཀོད་པ་སྟེ།

དེ་རིང་ཞོགས་པ་ཨ་རིའི་ཐའེ་ཝན་དོན་གཅོད་ལས་ཁུངས་ཀྱི་འགན་འཛིན་རེ་མོན་ཌ་ གྷི་རིན། (Raymond F. Greene རྒྱ་སྐད་དུ་གུའུ་ལི་ཡན།) མཆོག་གིས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་འཚམས་འདྲིར་ཕེབས་ཏེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུས་ཡོད།

༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ།
སྲིད་སྐྱོང་མཆོག་གིས་དབུས་གནས་ཡོད་མི་སྣས་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ། ཟླ་ ༧ ཚེས་ ༦ ཉིན་ཨ་རིའི་ཐའེ་ཝན་དོན་གཅོད་ལས་ཁུངས་ཀྱི་འགན་འཛིན་ རེ་མོན་ཌ་ གྷི་རིན་མཆོག་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཕེབས་པ། (American Institute in Taiwan, AIT)

གནས་ཚུལ་ཁ་སྣོན། སྒྲོལ་དཀར།

པར་ལེན། བསྟན་འཛིན་དོན་ཡོད།

པར་རིས་སྒྲིག་བཟོ་བ་དང་། པར་ལེན་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།