བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལིར་ཞབས་པུས་འཕྲོད་བཞེས་ལེགས་གྲུབ་རྗེས་ལ་དྭགས་སུ་ཆིབས་སྒྱུར་བསྐྱངས་པའི་རྗེས་ཕྱི་ཟླ་ ༧ ཚེས་ ༧ ཉིན་མི་མང་ལ་མང་མཇལ་ཐོག་མར་གནང་ཡོད་ཅིང་། ལ་དྭགས་གཙོ་གཞུང་མངའ་སྡེའི་དྲུང་དཔོན་ཨ་ཤིཤ་ཀུན་ད་རཱ་གཙོས་ཕྱི་རྒྱལ་གནས་སྡོད་བོད་མི་དང་། ཕྱི་རྒྱལ་མི་རིགས། ཡང་རྒྱ་གར་བ། ལ་དྭགས་ཡུལ་མི་བཅས་ཁྱོན་མི་གྲངས་ ༢༠༠ ཙམ་ལ་མཇལ་ཁ་བསྩལ་གནང་ཡོད་པ་རེད།
ལ་དྭགས་གཙོ་གཞུང་མངའ་སྡེའི་དྲུང་དཔོན་ཨ་ཤིཤ་ཀུན་ད་རཱ་ལགས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པའི་རྗེས། ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་དུ་སླེབས་པ་དང་མཉམ་ཞི་བདེ་དང་སྙིང་རྗེ་ཅན་གྱི་ཁོར་ཡུག་ཞིག་ཏུ་སླེབས་པའི་ཚོར་བ་དང་ལ་དྭགས་སུ་ཞི་བདེ་ཁྱབ་ཕྱིར་བྱམས་སྙིང་རྗེ་སྒོམ་དགོས་པའི་ཚོར་བ་སྐྱེས་བྱུང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་གི་འདུག ལ་དྭགས་གཙོ་གཞུང་མངའ་སྡེའི་དྲུང་དཔོན་ཁོང་ལ་མཇལ་ཁའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཞི་བདེ་སྤེལ་རྒྱུ། བོད་དང་། རྒྱ་ནག སོག་ཡུལ་བཅས་པར་ནང་ཆོས་དར་ཁྱབ་ཡོང་བའི་ཐུགས་སྨོན་གནང་སོང་ཞེས་གསུངས་བྱུང་།
མཇལ་བཅར་བའི་ཁྲོད་ཝིཡེཏ་ནམ་ནས་ཡིན་པ་མཡི་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཐོབ་པར་བརྗོད་མི་ཐུབ་པའི་ཚོར་བ་དཔེ་ཡག་པོ་བྱུང་པ་དང་། ཁོང་གིས་དགེ་བའི་ལས་ཇི་བསགས་༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་སྐུ་འཕྲོད་བཞེས་ལེགས་པོ་འབྱུང་བའི་རྒྱུར་འགྱུར་བར་དམིགས་པ་བྱེད་བཞིན་ཡོད་ཅེས་གསུངས་བྱུང་།
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་ཁེ་ན་ཌ་ནས་ཡིན་པ་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་ wheel of compassion འམ་བྱམས་བརྩེའི་འཁོར་ལོའི་མ་ཎི་ལག་འཁོར་ཞིག་བཟོས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཟི་ལྟར་བྱམས་སྙིང་རྗེ་འཕེལ་ཕྱིར་ལས་འཆར་ཞིག་གསར་བསྐྲུན་བྱེད་པ་དེ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་སྙན་སེང་ཞུས་འདུག
འབྲུག་ཡུལ་དུ་བཅའ་བཞུགས་བརྩོན་འགྲུས་ལགས་ཀྱིས་ཁོང་རང་གི་བུ་ཕྲུག་དང་བཅས་པར་དམིགས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་དཀར་དང་མཇལ་ཁའི་ཆེད་འབྲུག་ནས་ལ་དྭགས་ལ་ཡོང་པ་དང་། ༧གོང་ས་མཆོག་གི་སྐུ་མདུན་དུ་གངས་རི་རྭ་བའི་སྐོར་བའི་ཞིང་ཁམས་དང་སྨོན་ལམ་ལོག་པའི་ཁ་འདོན་སྟོན་པའི་རྗེས་དགའ་ཚོར་གྱི་མིག་ཆུ་རང་དབང་མེད་པ་ཤོར་སོང་ཞེས་གསུངས་བྱུང་།
༧རྒྱལ་བ་རིན་པོ་ཆེ་མཆོག་འདྲ་བ་སུ་ལ་ཡང་མེད་པ་ནི་ང་ཚོ་བོད་པའི་བསོད་ནམས་ཡིན་པ་དང་ང་བོད་པ་ཡིན་ཟེར་ཡག་ཡོད་པ་དེ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ཡིན་པས་དེ་རིང་མཇལ་ཁ་ཐོབ་པར་དམིགས་བསལ་གྱི་ཚོར་བ་ཞིག་བྱུང་ཞེས་ཨ་རི་ནས་ཡིན་པ་ཚེ་སྐྱིད་སྒྲོལ་དཀར་ལགས་ཀྱིས་མཇལ་ཁ་ཐོབ་རྗེས་གསུངས་བྱུང་ལ། ཁོང་མོས་༧གོང་ས་མཆོག་གི་སྐུ་མདུན་དུ་རྣམ་ཐར་ཕུལ་ཐུབ་པ་ནི་ཁོང་གི་མི་ཚེ་གང་པོར་ཐོབ་དཀའ་བའི་བསམ་ཡུལ་ལས་འདས་པའི་གོ་སྐལ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་ཅེས་གསུངས་བྱུང་། ཕྱི་ཚེས་ ༧ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་མཇལ་ཁ་གནང་པ་ནི་༧གང་ཉིད་ལྡི་ལིར་ཞབས་པུས་གཤགས་བཅོས་ལེགས་གྲུབ་བྱུང་པའི་རྗེས་མི་མང་ལ་མཇལ་ཁ་བསྩལ་བ་ཐོག་མ་དེ་ཡིན་པ་རེད།
དཀའ་ངལ་ཇི་ལྟར་འཕྲད་ཀྱང་བྱམས་སྙིང་རྗེ་ཉམས་ལེན་གལ་ཆེ་ཡིན་སྐོར་བཀའ་སློབ་བསྩལ་པ།
དཀའ་ངལ་ཇི་ལྟར་འཕྲད་ཀྱང་བྱམས་སྙིང་རྗེ་ཉམས་ལེན་གལ་ཆེ་ཡིན་པ་༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཞིག་ལ་མཇལ་ཁའི་སྐབས་བཀའ་སློབ་གནང་འདུག
མི་ཚེའི་ནང་དཀའ་ངལ་ཇི་འདྲ་ཞིག་ཕྲད་ཀྱི་ཡོད་ན་ཡང་ཀ་རུ་ནའམ་བྱམས་སྙིང་རྗེ་ཉམས་སུ་ལེན་རྒྱུ་གལ་ཆེ་ཡིན་པ་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༨ ཉིན་མཐོ་སློབ་འགྲིམ་བཞིན་པའི་ལ་དྭགས་པའི་སློབ་ཕྲུག་ཁ་ཤས་ཀྱིས་གདོང་ལེན་བྱེད་ཕྱོགས་བཀའ་འདྲི་ཞུས་པའི་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་གནང་འདུག དེ་ཡང་ལ་དྭགས་པའི་གཞོན་སྐྱེས་མཐོ་སློབ་འགྲིམ་བཞིན་པ་སྨན་ལྷ་ལགས་ཀྱིས་རང་གི་རྒྱུད་ལ་ཁོང་ཁྲོ་ཉུང་དུ་གཏོང་ཐབས་སྐོར་བཀའ་འདྲི་ཞུས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མིའི་སེམས་ནང་བརྩེ་བ་ཡོད་དུས་རླུང་ལངས་ཡོད་ན་ཡང་ཡུན་རིང་གནས་ཀྱི་མེད་པ་བཀའ་བསྩལ་འདུག
ཕྱི་ཚེས་ ༨ ཉིན་མང་མཇལ་ཁྲོད་མི་རིགས་འདྲ་མིན་བཅར་ཡོད་པའི་ཁོངས་ནས་ལྷོ་ཀོ་རི་ཡ་ཧོམ་བུམ་ས་དགོན་ནས་ཡིན་པ་བླ་མ་སིམ་སན་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་ལེགས་པོ་ཡོང་བར་སྨོན་འདུན་ཞུ་ཡི་ཡོད། ད་ལྟ་འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུ་རེད། ཡང་མི་མང་པོ་ཞིག་ལ་དམིགས་ཡུལ་དང་རེ་བ་བཟང་པོ་འཕེལ་རྒྱས་བྱུང་ཡོད་པ་ནི་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་གསུངས་བྱུང་།
ཡང་སོག་པོ་ནས་ཡིན་པ་ཀྲུ་མི་ཀུ་ལགས་ཀྱིས་༧རྒྱལ་བ་རིན་པོ་ཆེ་མཆོག་མཇལ་དུས་དངོས་སུམ་ཡིན་པ་ཡིད་མ་ཆེས་པའི་དགའ་འཚོར་སྐྱེས་ཡོད་པ་དང་། ༧གོང་ས་མཆོག་གི་སྐོར་ལ་བརྙན་མཇལ་རྒྱུ་དང་ཕྱག་དེབ་མང་པོ་བཀླགས་ཡོད་དུས་༧མགོན་པོ་མཆོག་ལ་དད་གུས་ཆེན་པོ་ཡོད་ཅེས་གསུངས་བྱུང་།
མཐོ་སློབ་འགྲིམ་བཞིན་པའི་ལ་དྭགས་ཀྱི་མི་རིགས་འཇིགས་མེད་ལྷ་མཛེས་ལགས་ཀྱིས་ཁོང་གི་མི་ཚེའི་ནང་༧རྒྱལ་བ་རིན་པོ་ཆེ་མཆོག་ཐེངས་དང་པོ་མཇལ་གྱི་ཡོད་དུས་བསོད་བདེ་ཆེན་པོ་ཡིན་པ་ཚོར་བྱུང་ཞེས་བརྗོད་ཀྱི་འདུག
ཕྱི་ཚེས་ ༨ ཉིན་མང་མཇལ་གྱི་ཁྲོད་མཇལ་བཅར་བའི་ཁོངས་ལ་དྭགས་ས་གནས་སུ་བཞུགས་པའི་འབྲོག་པའི་འཚོ་བ་སྐྱེལ་མཁན་གྱི་བོད་མི་གྲངས་ ༦༠ ཙམ་ཞིག་ལ་མཇལ་ཁ་ཐོབ་ཡོད་པ་དང་། ཁོང་ཚོ་མང་པོ་ཞིག་གིས་མཇལ་ཁ་ཐོབ་ཡོང་སྙམ་སྣང་བའི་ཡིད་ལ་མེད་པར་ད་རེས་མཇལ་ཁ་ཐོབ་དུས་མིག་ཆུ་རང་དབང་མེད་པར་ཤོར་སོང་ཞེས་གསུངས་མཁན་བྱུང་སོང་།།
ཁ་སྣོན། ཕྱི་ཚེས་ ༨ ཉིན་ལ་དྭགས་ཀྱི་གཞོན་སྐྱེས་དང་། བོད་མི་འབྲོག་པ། ཀོ་རི་ཡ། སོག་པོའི་མི་རིགས་ལ་མཇལ་ཁའི་སྐོར། ༢༠༢༦།༧།༨
