བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༨ ཚེས་ ༩ ཉིན་ལ་དྭགས་སུ་མ་ཧ་བྷོ་དྷི་རྒྱལ་སྤྱིའི་བསྟི་གནས་ཁང་དུ་སྟོན་པའི་སྐུ་བརྙན་ལ་རབ་གནས་དང་། བོད་མི་དྭང་ཞབས་པ་འདས་པོ་རྣམས་ཀྱི་དྲན་རྟེན་མཆོད་རྟེན་ལ་རབ་གནས། དེ་བཞིན་རྒས་གསོ་ཁང་གི་རྩིག་རྨང་དབུ་འབྱེད་རབ་གནས་གནང་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༩ ཉིན་བོད་མིའི་དྭང་ཞབས་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་བསོད་ནམས་གླིང་དམག་ཟུར་སྐྱིད་སྡུག་ཚོགས་པའི་འགན་འཁུར་འོག་བྱང་ཆུབ་མཆོད་རྟེན་ཞིག་གསར་བཞེངས་ལེགས་གྲུབ་བྱུང་ཡོད་པ་དེར་རབ་གནས་བསྩལ་གནང་མཛད་སོང་།
དམག་ཟུར་སྐྱིད་སྡུག་གི་ཚོགས་གཙོ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་ ༡༩༦༢ ནས་ད་བར་དྭང་ཞབས་ནང་བོད་མི་གྲངས་ ༡༠༣ དང་། རྒྱ་གར་ ༡༩ བལ་པོ་གཅིག་བཅས་རྐྱེན་འདས་སུ་སོང་ཡོད་པ་རྣམས་ཀྱི་ཆེད་༧གོང་ས་༧སྐྱབས་མགོན་ཆེན་པོ་ཆེ་མཆོག་གིས་ཐུགས་སྨོན་མཛད་པར་ཡག་པོ་བྱུང་སོང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་ཧ་བྷོ་དྷི་རྒྱལ་སྤྱི་སྒོམ་སྒུབ་བསྟི་གནས་སུ་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་དང་སྐུ་བརྙན་ཆུང་བ་གྲངས་ཆིག་སྟོང་ཐམ་པ་བཞུགས་ཡོད་པ་དེར་རབ་གནས་གནང་སོང་།

མ་ཧ་བྷོ་དྷི་ཐོག་མར་གསར་འཛུགས་གནང་མཁན་དང་ངེས་སྟོན་པ་རྒན་སང་གྷ་སེ་ན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲིར་དྭང་ལེན་གནང་སྐབས། དེ་རིང་འདིར་འཛམ་གླིང་ཞི་བདེའི་ཆེད་སངས་རྒྱས་ཀྱི་སྐྱིད་ཚལ་ཡོད་པ་འདིར་༧རྒྱལ་བ་ཡིད་བཞིན་ནོར་བུ་དངོས་སུ་བྱོན་ཏེ་རབ་གནས་བསྩལ་གནང་པ་ནི་མ་ཧ་བྷོ་དྷིའི་བསྟི་གནས་ཀྱི་ལོ་རྒྱུས་ནང་ཡུན་རིང་དྲན་གསོ་ཞུ་རྒྱུའི་གལ་ཆེའི་ཉིན་མོ་ཞིག་ཡིན་པ་དང་། ༧རྒྱལ་བ་རིན་པོ་ཆེ་འདིར་ཞབས་སོར་འཁོད་དེ་ཐུགས་གཉེས་པོ་བྱུང་ཡོད་པའི་རེ་བ་ཞུ་གི་ཡོད་པ་གསུངས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་མ་ཧ་བྷོ་དྷིར་ཕྱི་ལོ་ ༡༩༩༤ ལོར་ཕེབས་དུས་ཐང་སྟོང་པ་ཞིག་ལས་ཅི་ཡང་མེད་ཀྱང་༧གོང་ས་མཆོག་གིས་བྱིན་གྱིས་རླབས་པར་བརྟེན་ནས་ད་ཆ་ཚགས་ཚུད་པོ་དཔེ་བྱུང་ཡོད་པ་གསུངས་བྱུང་།
ཡང་མཆོད་པའི་གླུ་དབྱངས་ཕུལ་མཁན་བོུ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བསྟོད་གླུ་ཕུལ་རྒྱུའི་གོ་སྐབས་ཐོབ་པ་དང་། སྐུའི་མདུན་ནས་མཇལ་རྒྱུ་བྱུང་པ་ཐོག་མར་མིན་ཡང་རྒྱང་ཐག་ཉེ་པོ་ནས་མཇལ་ཁ་ཐོབ་པར་བསོད་ནམས་ཆེན་པོ་ཞེ་དྲགས་ཚོར་བྱུང་ཞེས་བརྗོད་བྱུང་།ཡང་ལ་དྭགས་ཡུལ་མི་བཀྲིས་མཚོ་མོ་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུ་ཡིན་དུས་རྟེན་འབྲེལ་གྱི་ཆེད་ཞྭ་མོ་དེ་གསར་པ་ཞིག་གྱོན་པ་ཡིན། སྐྱིད་པོ་དཔེ་བྱུང་སོང་། ད་ང་རང་ཤི་ན་ཡང་འགྱོད་པ་མེད་ཅེས་བརྗོད་བྱུང་།།
པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན།
བརྙན་ཐུང་སྒྲིག་སྦྱོར་བ། བཀྲ་དབང་།
