སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་གཉིས་ལྷག་གི་རིང་ལ་དྭགས་སུ་མཛད་འཆར་དང་སྐུ་ལྷོད་བཞུགས་མཛད་གྲུབ་སྟེ། ཟླ་ ༩ ཚེས་ ༤ ཉིན་ལ་དྭགས་ཀྱི་དམག་མིའི་ཐད་འཕུར་གནམ་གྲུ་བརྒྱུད་ཐད་ཀར་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་སོང་།
ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་དྭངས་སྐྱེད་གང་ལེགས་བྱུང་ཡོད་པ་མཇལ་བ་དེས་དད་ལྡན་མང་ཚོགས་ཀྱིས་དགའ་སྤྲོའི་རྣམ་པ་གསལ་སྟོན་གནང་གི་འདུག
དེ་ཡང་ག་གྷལ་གནམ་ཐང་དུ་ཕེབས་བསུར་བཅར་མཁན་གངས་དཀར་བསྟན་འཛིན་ལགས་ཀྱིས། ༧སྐུའི་ཞབས་པུས་སྨན་བཅོས་གང་འདྲ་བྱུང་ཡོད་མེད་ཐད་མང་ཚོགས་ནས་དུས་ཡུན་རིང་པོར་སེམས་ཁྲལ་བྱེད་བཞིན་ཡོད་ཀྱང་། ད་ཆ་ཚང་མར་མཇལ་ཁ་ཐོབ་དུས་དགའ་སྤྲོ་ཆེན་པོ་བྱུང་ཡོད་ཅིང་། དམིགས་བསལ་བཞུགས་སྒར་དུ་༧གོང་ས་མཆོག་བཞུགས་མེད་ན་སྤྱི་ཚོགས་སྟོང་ལྷང་ངེ་ཚོར་ཞིང་། རྡ་ས་མེག་ལོཌི་གྷན་ཇི་ཁྲོམ་གཞུང་དུ་ཚོང་ཡིན་ནའང་མེད་པ་ལྟ་བུར་གྱུར་གྱི་ཡོད་པས། ༧མགོན་པོ་ཕྱོགས་ཕྱིར་ཞབས་སོར་འཁོད་པར་དགའ་སྤྲོ་ཆེན་པོ་བྱུང་ཞེས་གསུང་གི་འདུག་ལ། ཆོས་སྒྲོན་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་ཐང་ངང་བཞུགས་སྒར་དུ་ཕྱིར་ཕེབས་མཛད་ཡོད་པས་ང་ཚོ་ཚང་མར་དགའ་ཚོར་ཞེ་དྲགས་ཡོང་གི་འདུག་ཅེས་གསུངས་བྱུང་། ཡང་ས་རཱ་མཐོ་སློབ་ཀྱི་སློབ་མ་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་ཐོས་པ་ཙམ་གྱིས། མཚན་ལ་གཉིད་ཁུག་མི་ཐུབ་པའི་ཚོར་བ་དམིགས་བསལ་ཅན་ཞིག་བྱུང་ལ། ད་ཆ་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་བྱུང་།

རྩ་བའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཡོན་མ་སྨན་བཅོས་དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལིའི་ཨ་པོ་ལོ་སྨན་ཁང་དུ་ལེགས་གྲུབ་བྱུང་སྟེ། ལ་དྭགས་སུ་ཆིབས་བསྒྱུར་མཛད་ཡོད་ཅིང་། ལ་དྭགས་སུ་བཞུགས་གདན་འཇགས་ཡུན་རིང་དད་ལྡན་པ་ ༢༡༥༠༠ ལྷག་ལ་མཇལ་ཁ་སྩལ་བའི་ཁྲོད། ཕྱི་ཟླ་ ༧ ཚེས་ ༢༧ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་མཇལ་སྩལ་ཆེད་ཕོ་བྲང་ནས་མི་མང་མདུན་སར་ཆིབས་སྒྱུར་བསྐྱངས་སྐབས། ཞབས་གོམ་ཐོག་མ་དེ་བསྐྱོན་གནང་ཡོད་པའི་བརྙན་ཞིག་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སྤེལ་ཡོད་པ་རེད་ལ། དེ་འབྲེལ་༧སྐུ་བཅར་ཕྱི་ལུགས་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཟུར་དུ་དམིགས་བསལ་བཅར་འདྲི་དྭང་ལེན་གནང་སྐབས། སྤྱིར་བཏང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་གནང་པ་ནས་བཟུང་ཞབས་གོམ་བསྐྱོན་ཕྲན་བུ་བསྐྱོན་དང་སྐྱོན་བཞིན་ཡོད་པ་ལྟར་ཉིན་རེ་བཞིན་ཞབས་གོམ་ཇེ་མང་བསྐྱོན་ཏེ་ཇེ་ལེགས་སུ་དྭངས་སྐྱེད་ཕེབས་ཡོད་ཅིང་། ༧གོང་ས་མཆོག་གི་སྤྱི་ཡོངས་ཀྱི་སྐུ་ཁམས་བདེ་ཐང་ཡིན་པས་བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་ཐུགས་ཕྲལ་གནང་དགོས་མི་འདུག་ཅེས་གསུངས་ཡོད་།
སྐུ་ཁམས་ཧ་ཅང་ཡག་པོ་ཡོད་པ།
དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས། ད་རེས་༧གོང་ས་མཆོག་ལ་དྭགས་སུ་བཞུགས་གདན་འཇགས་པའི་རིང་མི་མང་ཧ་ཅང་མང་པོར་མཇལ་ཁ་བསྩལ་གནང་མཛད་པ་དང་། ཞབས་པུས་འཕྲོད་བཞེས་ཀྱི་རྗེས་སུ་མཇུག་སྐྱོང་གི་དྭངས་སྐྱེད་ཡག་པོ་བྱུང་ཞིང་། སྐུའི་ལུས་སྦྱོང་གི་གནང་སྒོ་གང་ལེགས་བྱུང་ཞིང་སྐུ་ཁམས་དྭངས་སྐྱེད་ཕེབས་པ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་མཇལ་རྒྱུ་བྱུང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཐེངས་འདིར་༧གོང་ས་མ་མཆོག་བཞུགས་སྒར་དུ་ཆིབས་བསྒྱུར་མ་གནང་གོང་། རྡ་ས་བཅའ་བཞུགས་བོད་མི་ཁག་གཅིག་གིས་ཆར་དུས་ཀྱིས་གས་ཆག་ཕྱིན་པའི་ཕེབས་ལམ་རྣམས་ལ་ས་འགྱངས་པ་དང་ཁོད་སྙོམས་པ་སོགས་བྱས་ཏེ། ༧སྐུའི་ཆིབས་ཌོའི་ཕེབས་ལམ་དུ་སྟབས་བདེ་ཡོང་བར་རམ་འདེགས་ཞུས་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ཉིན་གྲངས་ ༦༧ ལ་དྭགས་སུ་བཞུགས་གདན་འཇགས་པའི་རིང་མཛད་འཕྲིན་མང་དག་ཅིག་བསྐྱངས་གནང་མཛད་ཡོད་པའི་ཁྲོད་ཕྱི་རྒྱལ་དང་རྒྱ་གར་གྱི་གནས་ཡོད་མི་སྣ་གཙོ་བོར་གྱུར་བའི་མི་མང་ ༢༡༥༠༠ (ཉིས་ཁྲི་ཆིག་སྟོང་ལྔ་བརྒྱ་) ཙམ་ལ་མཇལ་ཁ་བསྩལ་ཡོད་པ་དེའི་ཁོངས་སུ་ལ་དྭགས་པ་དང་། བོད་མི། ཧི་མ་ལ་ཡའི་རི་རྒྱུད་ནས་མི་གྲངས་ ༡༨༢༠༠ ལྷག་ཙམ་དང་། རྒྱ་གར་བ་ཚུད་པའི་ཕྱི་རྒྱལ་བ་ ༣༣༠༠ ཙམ་ཡོད་ཅིང་། དེའི་ཁོངས་སུ་རང་ལོ་ ༤༩ མན་གྱི་མི་གྲངས་ ༡༥༧༠༠ ཙམ་བྱུང་ཡོད་འདུག
པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད། འཕྲིན་ལས་ཆོས་སྒྲོན།
