ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱེད་སྐབས། ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་སྒྱུར་བསྐྱངས་སྐབས། ས་མཚམས་ཁུལ་ནས་རྒྱ་གར་ནང་ཞབས་སོར་བདེ་བར་འཁོད་ཆེད་བཀོད་སྒྲིག་སོགས་ཀྱི་ཐུགས་འགན་གཙོ་བོ་བཞེས་མཁན་ནི། སྐབས་དེར་ཁུལ་དེའི་དཔོན་རིགས་གཙོ་གྲས་ཧར་མན་དར་སིངྒ་ཡིན་པ་རེད། (Har Mander Singh) ཀྱིས་དེ་སྔ་རྒྱ་གར་གྱི་འཛིན་སྐྱོང་ལས་བྱེད་དང་། ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བའི་མི་སྣ། ཁོང་གིས་སྲིད་གཞུང་གི་གོ་གནས་གལ་ཆེན་དུ་མར་ཕྱག་ལས་གནང་མྱོང་འདུག
འཕགས་བོད་མཐའ་མཚམས་ཀྱི་འགྲུལ་བཞུད།
ཧར་མན་དར་སིངྒ་གིས་ྋགོང་ས་མཆོག་ས་མཚམས་བརྒལ་ནས་ (Gorhsam, Shakti, Lumla, Thongleng,Tawang, Jang, Senge Dzong,Dirang, Rahung, and Bomdila) གོར་ཧ་སམ། ཤཀྟི། ལུམ་ལ། ཐོང་ལེང་། ཏཱ་ཝང་། ཇང་། སེང་གེ་རྫོང་། དི་རང་། ར་ཧུང་། བྷོམ་དི་ལ་བཅས་ས་ཁུལ་རིམ་པ་བརྒྱུད་དེ། མཐར་༧གོང་ས་མཆོག་ཨ་སམ་གྱི་ཏེཛ་པུར་བར་སྐྱེལ་མ་ཞུས་ཤིང་། ཁོང་གིས་སྐབས་དེའི་མཐུན་རྐྱེན་ཞན་པའི་གནས་སྟངས་འོག་༧གོང་ས་མཆོག་བདེ་འཁོད་ཐོག་སྐྱེལ་མ་ཞུས་པར། ཕྱི་ལོ་ ༡༩༦༠ ལོར་རྒྱ་གར་གཞུང་གིས་ཁོང་ལ་རྒྱ་གར་གྱི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་གྲས་པདྨ་ཤྲཱི་ཡང་གནང་ཡོད་པ་རེད།
ཧར་མན་དར་སིངྒ་གི་ཚ་མོ་ར་ནི་སིངྒ་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན་དུ། “ཕྱི་ལོ་ ༢༠༡༥ ལོར་ངས་༧གོང་ས་མཆོག་དང་ལྷན་དུ་མཇལ་འཕྲད་ཞུས་ཏེ་བཅར་འདྲི་ཐོག་མ་དེ་ཞུས་པ་ཡིན། དེ་ཡང་༧གོང་ས་མཆོག་ ༡༩༥༩ ལོར་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་པའི་སྐོར་དང་འབྲེལ་ནས་དུས་ཡུན་སྐར་མ་ ༤༥ ཅན་གྱི་བཅར་འདྲི་གྲུབ་པའི་རྗེས་སུ། ༧གོང་ས་མཆོག་ལ་ཕོ་བྲང་གི་ལྡུམ་རའི་ནང་བཅར་འདྲི་གཉིས་པ་ཞིག་ཞུ་རྒྱུའི་རེ་སྐུལ་ཞུས་པ་ལྟར། ༧གོང་ས་མཆོག་གིས་ཞལ་བཞེས་མཛད་ཐོག་ལྡུམ་རར་ཕྱིན་པའི་སྐབས་དེར། ༧གོང་ས་མཆོག་གིས་ངའི་ཨ་ཞང་དམ་པ་ལ་བཅངས་པའི་བརྩེ་སེམས་བསྐྱར་དྲན་མཛད་ཅིང་། ༧གོང་ས་མཆོག་གིས་ལྡུམ་རའི་ནང་ནས་ (orchid) མེ་ཏོག་ཞིག་བསྟན་གནང་མཛད་དེ། དེ་ནི་ཁོང་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་འཕགས་བོད་ས་མཚམས་བྷོམ་དི་ལར་འབྱོར་བའི་དུས་སྐབས། ཨ་ཞང་ལགས་ཀྱིས་༧གོང་ས་མཆོག་ལ་ (orchid) མེ་ཏོག་ཕུལ་ཡོད་པ་དང་། གནས་ཚུལ་དེ་དྲན་གསོའི་ཆེད་མེ་ཏོག་དེ་ད་ཆ་ཕོ་བྲང་གི་ལྡུམ་རའི་ནང་རྫ་བུམ་ཞིག་ནང་ཉར་གནང་སྟེ་སྐབས་དེ་དུས་ཀྱི་གནས་སྟངས་དྲན་གསོ་མཛད་ཀྱི་ཡོད་པ། དེ་ནི་ངའི་ཨ་ཞང་དང་༧གོང་ས་མཆོག་དབར་གྱི་བརྩེ་སེམས་རྒྱུན་གནས་ཡོད་པ་མཚོན་པ་རེད།” ཅེས་གསུངས་བྱུང་།
ཧར་མན་དར་སིངྒ་གི་ལས་འགན།
(Har Mander Singh) ལགས་ནི། ཕྱི་ལོ་ ༡༩༥༩ ལོར་སྐབས་དེའི་ཤར་ཕྱོགས་མཐའ་མཚམས་ས་ཁུལ་ (NEFA) ཞེས་འབོད་པ་དེའི་ཆབ་སྲིད་དཔོན་རིགས་ཤིག་ཡིན་འདུག་ཅིང་། དེ་ནི་ད་ལྟའི་ཨ་རུ་ན་ཅལ་མངའ་སྡེ་ཆགས་ཡུལ་དེ་ཡིན་པ་དང་། ས་ཁུལ་དེ་ནི་ཤིན་ཏུ་གདོད་མའི་རྣམ་པ་ཅན་དང་ལུང་ཁུག་ཅིག་ཡིན་པས། དེར་བགྲོད་ལམ་ཡང་ཤིན་ཏུ་དཀའ་ལས་ཁག་པོ་ཡོད། ཁོང་བྷོམ་དི་ལཱ་ (Bomdila) ལས་ཁུངས་སུ་བསྐོ་གཞག་གནང་ཡོད། ཁོང་དེར་ཡོད་པའི་སྐབས་སུ། (Shillong) དུ་ཡོད་པའི་འཕྲལ་སེལ་ལས་ཁུངས་བརྒྱུད་སྲིད་བློན་ལས་ཁུངས་ནས་ཁོང་ལ་བཀའ་རྒྱ་འབྱོར་བ་ལྟར་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་དམག་འོག་ནས་བྲོས་བྱོལ་དུ་ཕེབས་བཞིན་ཡོད་པ་དང་། གལ་ཏེ་ཁོང་རྒྱ་གར་ནང་དུ་ཕེབས་ཚེ། ཤར་ཕྱོགས་ཧི་མ་ལ་ཡའི་རི་རྒྱུད་གང་གི་ས་ཁུལ་ནས་ཕེབས་རྒྱུ་ཡིན་མིན་རྩད་གཅོད་གནང་རྒྱུ་དང་། གལ་ཏེ་ཁོང་དང་ཁོང་གི་སྐུ་འཁོར་མཇལ་ཚེ། བདེ་འཇགས་ཆེད་རྒྱ་གར་གྱི་ས་ཁུལ་གཞན་ཞིག་ཏུ་གདན་འདྲེན་ཞུ་རྒྱུའི་འགན་བཀུར་གནང་ཡོད་འདུག
ཁོང་གི་ཡིག་ཚང་བོམ་དི་ལར་རྟེན་གཞི་བྱས་ཡོད་པ་དང་། དེ་ནས་ས་མཚམས་བར་བར་ཐག་ཉིན་གྲངས་བརྒྱད་ཙམ་ཡོད། འོན་ཀྱང་རི་རྒྱུད་ནས་བསྐྱོད་ན་ཉིན་གྲངས་གསུམ་བཞི་ལས་མི་འགོར་བས། ཁོང་གིས་ས་མཚམས་དང་ཐག་ཉེ་བའི་ལས་བྱེད་ཅིག་སྔོན་དུ་མངགས་ཏེ། ཁོང་རང་ཉིད་རི་བརྒྱུད་དེ་ཕྱིན་འདུག
༡༩༥༩ ལོར་འཕགས་བོད་མཐའ་མཚམས་སུ་ཕེབས་བསུ།
ར་ནི་སིངྒ་ལགས་ཀྱིས་མུ་མཐུད་གསུངས་དོན་དུ། “ངའི་ཨ་ཞང་ནི་སྤྱིར་བཏང་ནས་སྐད་ཆ་མང་པོ་མི་ཤོད་མཁན་ཞིག་ཡིན་ཡང་། ཕྱིས་སུ་ཁོང་གིས། ༧གོང་ས་མཆོག་གིས་ང་ལ་བཀའ་མོལ་གནང་ཡོད་པ་མཁྱེན་རྗེས། ཁོང་གིས་རྒྱ་གར་གཞུང་ལ་ཕུལ་བའི་སྒེར་གྱི་ཉིན་ཐོ་དེ་ཡང་ང་ལ་གནང་བྱུང་། དེ་ནི་དུས་སྐབས་དེར་གསང་བའི་གནས་ཚུལ་ཡིན་པ་སྟེ། ༡༩༥༩ ལོའི་གནས་ཚུལ་རེད། ངས་གསང་བའི་ཉིན་ཐོའི་དེའི་ནང་གི་གནས་ཚུལ་ཁག་གཅིག་ཀྱང་དེབ་དེའི་ནང་བཀོད་ཡོད། དུས་རྒྱུན་ངའི་ཨ་ཞང། ཁོང་སྐྱེས་དུས་ནས་སིཁ་ཆོས་ལ་དད་པ་བྱེད་མཁན་ཞིག་ཡིན་ནའང་། ༧གོང་ས་མཆོག་དང་ལྷན་དུ་དུས་ཡུན་འགའ་སྐྱེལ་བའི་རྐྱེན་གྱིས་སེམས་ནང་རང་བཞིན་གྱིས་ནང་པ་ཞིག་ཏུ་གྱུར་བའི་ཚོར་བ་ཞིག་བྱུང་གི་འདུག་” ཅེས་དང་། “ངས་ཐེངས་ཤིག་ཁོང་གཉིས་མཇལ་འཕྲད་ཀྱི་གོ་སྒྲིག་ཞུ་ཐུབ་པ་བྱུང་སོང་། དེ་དག་ཀྱང་དེབ་འདིའི་ནང་བཀོད་ཡོད་” ཅེས་གསུངས་བྱུང་།
རྩོམ་པ་པོ་ར་ནི་སིངྒ་ལགས་ཀྱིས་བརྗོད་པ་ལྟར་ན། ཁོང་གིས་ཨ་ཞང་ (Har Mander Singh) ལགས་ཀྱིས་འཕགས་བོད་ས་མཚམས་སུ་༧གོང་ས་མཆོག་ཐོག་མ་མཇལ་བའི་སྐབས་དེར། དགུང་གྲངས་ཉེར་བཞི་ལ་སོན་པའི་༧གོང་ས་མཆོག་ཉེན་ཁ་ཆེ་བའི་བོད་ནས་རྒྱ་གར་བར་གྱི་ཕེབས་ལམ་བརྒྱུད་ནས་ཆིབས་བསྒྱུར་མཛད་པ་སོང་ཙང་། སྐུ་གཟུགས་ཞན་ཞིང་ཐུགས་ཡིད་ཐང་ཆད་པའི་རྣམ་པ་མངོན་ཞིང་། དེ་ཡང་གློ་བུར་གྱི་བཤལ་སྐྱུག་ཚབས་ཆེ་ཕོག་ཡོད་ནའང་། རྒྱ་གར་གཞུང་གི་སྐུ་ཚབ་དང་མཇལ་འཕྲད་བྱུང་བ་དེས། ༧གོང་ས་མཆོག་དང་ཁོང་གི་སྐུ་འཁོར་རྣམས་ལ་བདུན་ཕྲག་ཁ་ཤས་རིང་བྱུང་མ་མྱོང་བའི་བདེ་འཇགས་ཀྱི་ཚོར་བ་ཞིག་བསྐྲུན་ཡོད་ཅིང་། (Har Mander Singh) ལགས་ཀྱིས་སྐབས་དེར་༧གོང་ས་མཆོག་སྲིད་བློན་ནེ་རུའི་སྐུ་ཚབ་ཀྱི་འགན་མ་བཞེས་ཀྱི་བར་དུ། ༧སྐུའི་སྲུང་བྱའི་ཆེད་གང་གཟབ་གནང་ཡོད་ཅིང་ངོ་མི་ཤེས་པའི་ཉེ་འཁོར་གྱི་ལས་བྱེད་མང་དག་ཅིག་གནས་དབྱུང་བཏང་ཡོད་པ་རེད་འདུག
༧གོང་ས་མཆོག་གིས་ཧར་མན་དར་སིངྒ་ལ་གཟིགས་ཕྱོགས།
(Har Mander Singh) ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་ནང་བཙན་བྱོལ་དུ་ཐོག་མ་ཆིབས་བསྒྱུར་སྐབས་ཆིབས་ཐོན་ལ་རོགས་སྐྱོར་མཛད་སྐོར་དང་། དེས་ཁོང་གཉིས་ཀྱི་དབར་གྲོགས་འདྲིས་ཀྱི་བརྩེ་སེམས་ཟབ་མོ་བསྐྲུན་ཡོད་པ་སོགས་ཀྱི་སྐོར་ (Har Mander Singh) ལགས་ཀྱི་ཚ་མོ་རྩོམ་པ་པོ་དང་གསར་འགོད་པ་ (Rani Singh) ལགས་ཀྱིས་ཞིབ་འཇུག་དུ་མའི་བརྒྱུད་ཕྱི་ལོ་ ༢༠༡༩ ལོར་ (An Officer and His Holiness) སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དཔོན་རིགས་ཤིག་ཅེས་པའི་དཔེ་དེབ་དེ་འདོན་སྤེལ་ཞུས་པ་བརྒྱུད། མི་མང་པོས་དེར་དོ་སྣང་བྱེད་འགོ་བཙུགས་ཡོད་ཅིང་། རྩོམ་པ་པོས་ཁོང་གི་་ཨ་ཞང་ (Har Mander Singh) ལགས་དང་༧གོང་ས་མཆོག་དབར་གྱི་ཐུགས་བརྩེ་ཟབ་མོའི་སྒྲུང་ལ་རྗེས་འདེད་གནང་བའི་བརྒྱུད་རིམ་ཁྲོད། རྩོམ་པ་པོས་དེ་སྔ་༧གོང་ས་མཆོག་དང་ཐོག་མ་བཅར་འདྲི་གནང་བའི་སྐབས། གསར་འགོད་པ་ཞིག་གི་ངོས་ནས་དེབ་དེ་བྲིས་འགོ་བཙུགས་ཡོད་ཀྱང་། དེབ་དེ་བྲིས་པའི་བརྒྱུད་རིམ་ཁྲོད་བཅར་འདྲི་དང་། རྩོམ་པ་པོས་༧གོང་ས་མཆོག་དེ་སྔ་ཨ་རུ་ན་ཅཱལ་ཁུལ་དུ་ཐེངས་ཤིག་ཕེབས་སྐབས་སུའང་རྗེས་འདེད་ཀྱི་ཚུལ་དུ་ཕྱིན་སྐབས། མི་མང་སྟོང་ཕྲག་མང་པོས་༧གོང་ས་མཆོག་ལ་དད་དམ་གཡོ་བ་མེད་པ་ཞུས་པ་སོགས་མཇལ
པར་བརྟེན། མདོར་ན་ད་ལྟའི་ཆར་རྩོམ་པ་པོས་སེམས་ཚོར་གྱི་ཐོག་ནས་༧གོང་ས་མཆོག་དང་དམིགས་བསལ་གྱི་འབྲེལ་བ་ཆགས་ཡོད་པ་གསུང་གི་འདུག
ཁ་སྣོན་གསར་འགོད། བཀྲ་དབང་།
པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
