ཡོ་རོབ་དང་ཨཧྥ་རི་ཀའི་སྤྱི་འཐུས་ཟུར་པ་ཐུབ་བསྟན་དབང་ཆེན་ལཊ་ཕྱི་ཟླ་ ༥ ཚེས་ ༡༡ ཉིན་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག
སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ད་རེས་བཀའ་ཤག་གིས་རེ་འདུན་གནང་པ་བཞིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་པ་འདི་ནི་དམིགས་བསལ་གྱི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞབས་འདེགས་བསྒྲུབ་རྒྱུ་དང་བོད་མིའི་སྒྲིག་འཛུགས་ལ་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་གསར་པ་ཞིག་ཐོབ་པ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ནི་སིཔེན་ནང་བོད་མི་གནས་སྤོ་བྱེད་མཁན་དང་པོ་དེ་ཡིན་པ་དང་། སྐབས་དེར་ཁོང་གིས་བོད་བརྒྱུད་ནང་པའི་ཆོས་ཚོགས་ཤིག་ཏུ་སྐད་སྒྱུར་གྱི་ཞབས་འདེགས་བསྒྲུབས་ཡོད་ཅིང་། ཁོང་གིས་ད་དུང་སིཔེན་ནང་བོད་ཀྱི་ཆོས་དང་རིག་གཞུང་གི་བསྟི་གནས་བོད་ཁང་གསར་འཛུགས་ཞུས་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ༡༩༩༤ ལོར་དབུ་འབྱེད་བསྐྱངས་གནང་མཛད་ཡོད་པ་རེད་ལ། འདི་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་ཁྱབ་སྤེལ་གཏོང་ཡུལ་གྱི་བསྟི་གནས་གལ་ཆེན་ཞིག་ཏུ་གྱུར་འདུག
ལྷོ་ཨ་རིའི་བྷརཱ་ཛིལ་གྱི་གྲོང་ཁྱེར་སའོ་པའོ་ལོར་ཕྱི་ལོ་ ༢༠༡༥ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དོན་ཁང་གསར་འཛུགས་གནང་སྟེ། བོད་དོན་སྤྱི་དང་ཡང་སྒོས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་སྙིང་རྗེ་དང་། འཚེ་མེད་ཞི་བ། གྲོས་མོལ། བོད་ཀྱི་ཆོས་དང་རིག་གཞུང་བཅས་པ་གོ་རྟོགས་སྤེལ་རྒྱུར་ཞབས་ཞུ་ཡང་སྒྲུབ་བཞིན་ཡོད་པ་རེད།
ཐུབ་བསྟན་དབང་ཆེན་ལགས་ཕྱི་ལོ་ ༡༩༥༤ ལོར་བོད་སྐྱིད་གྲོང་ནང་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་རྗེས། ཌལ་ཧོར་གཏན་སློབ་ཏུ་སློབ་གྲྭ་འགྲིམས་ཤིང་། ལོ་ན་ ༡༦ ནས་བཟུང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དུ་སློབ་གཉེར་གནང་པ་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༥ དང་། ༡༦ ༡༧ བཅས་ལས་ཡུན་གསུམ་གྱི་རིང་ཡོ་རོབ་དང་ཨཧྥ་རི་ཀའི་སྤྱི་འཐུས་ཀྱི་ལས་འཁུར་གནང་ཡོད་པ་རེད།།
ཁ་སྣོན་གསར་འགོད། བཀྲ་དབང་།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
